国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྒྱུ་རྩལ་གྱི་ལྷ་མཆོག་རྡོ་གྲུབ་ལ་མཇལ་བ།

དོན་རིག་སྟོང་གདམས་ངག་བདུད་རྩི་ལ་རོལ་ཞིང་།།

སེམས་ཆོས་ཉིད་རྒྱལ་མོའི་ཉེ་འཁོར་དུ་བཅར་བའི།།

མགོན་རྡོ་གྲུབ་དཔའ་བོའི་རང་ཞལ་གྱི་མཐའ་རུ།།

གུས་བརྩེ་ཞིང་འདུད་པས་ཡིད་དབང་འདི་དགའ་འོ།།

ཚིག་སྒྱུ་འཕྲུལ་ཕོ་བྲང་དགུ་བརྩེགས་སུ་འདུག་པར།།

གནད་མ་བཅོས་རིག་པའི་རང་གདངས་དེ་འདུས་སྐད།།

རྨོངས་མུན་ནག་འབྱམས་སུ་འཁྱམ་པ་ཡི་བདག་ཀྱང་།།

རྣ་ཀྲོག་གེར་གྱུར་ཏེ་གཟབ་ནན་གྱིས་ཉན་ཡོད།།

རྒྱུད་ཉོན་མོངས་འབར་བའི་མེ་ཕུང་གི་དབུས་སུ།།

སྨན་དམ་ཆོས་བསིལ་མ་ཆད་མེད་དུ་ཕབ་འདི།།

བློ་གཟུ་བོར་གནས་པའི་ཉམས་དབུས་སུ་འཛུམ་འོང་།།

ཡིད་སྤྲོ་བས་བསྔགས་བརྗོད་རང་བཞིན་གྱིས་གྱེར་རོ།།

ཆོས་འདིར་སྣང་དཔེ་ཡི་ཞལ་ཐང་དུ་ཤར་ཞིང་།།

གླིང་མུན་སེལ་རྗེས་འགྲོ་ཁྱེད་གསུང་གི་མགུར་མ།།

མགོན་རྒྱལ་བའི་ཐུགས་དང་ཡུན་འགྲོགས་ཀྱི་གདམས་པ།།

སྙན་བརྗིད་ཆགས་གསེབ་ནས་སེམས་དབུས་སུ་མཆེད་ཡོད།།

ལྷ་དཀྱིལ་འཁོར་ཤེས་རབ་གཅིག་འདྲེས་པའི་ངོ་བོ།།

མགོན་རྗེ་བཙུན་འཇམ་དཔལ་ཡི་དམ་གྱི་གཙོ་མཆོག།

གུས་དད་གདུང་ལམ་ནས་བསྔགས་བརྗོད་དག་མཇལ་བས།།

ཚིག་ངོ་མཚར་རིང་མོ་རྫ་ཆབ་ལྟར་བཞུར་འོང་།།

དུས་བསྐལ་མང་ཁྲོད་དུ་རྒྱལ་ཀུན་ལ་མཇལ་ཞིང་།།

གཏམ་ཡིད་དབུས་རི་མོ་འབུར་ཚུགས་སུ་བྲིས་པ།།

བདག་སེམས་ཀྱི་ལྗོན་པར་ཁ་བ་བཞིན་གླན་པས།།

སྡུག་སྨུག་པའི་ན་བུན་དྭངས་ཙམ་ལ་ཕྱོགས་སོང་།།

ཕྱི་སྣང་བ་རྫུན་གྱི་བརྙན་རིས་སུ་གཟིགས་ཏེ།།

ནང་དོན་ཟབ་ལྟ་བའི་རྒྱལ་ས་རུ་འབྱོར་ཞིང་།།

གདངས་མི་འཇགས་དོ་ཧའི་རང་མདངས་དེར་འཕྲད་པས།།

སྨྲ་མི་ཤེས་ཧད་དེ་ཡུན་ཙམ་རིང་ལུས་ཡོད།།

ཕྱི་འགྲོ་བའི་ཚོགས་ཀྱི་ཀུན་སྤྱོད་ལ་མཐུན་དང་།།

ནང་ཀུན་བཟང་དགོངས་པའི་དཔལ་མཆོག་དང་འགྲིགས་པ།།

རྗེ་ཁྱེད་རང་དུས་འདིར་མཇལ་ཙམ་གྱིས་སྣང་བས།།

ཡིད་དགའ་སྐྱིད་ཉི་མའི་འོད་སྣང་དང་བསྡེབས་པོ།།

མགུར་ཡིད་འཕྲོག་རྗེ་བཙུན་རས་པ་ཡི་ཟླ་བོ།།

གནད་ཀུན་འདུས་མན་ངག་བདུད་རྩི་དང་མཚུངས་ལ།།

ལུས་ནད་བརྒྱའི་གཟིར་བའི་བསྐལ་མང་གི་ཁྲོད་དུ།།

གསུང་ཨེན་ཙམ་མཐུ་ཡིས་ལམ་བཟང་ཞིག་རྙེད་སོང་།།

༼ འབུམ་ལྷ་སྲས། ༽