国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་འདབ་པ་དང་ལི་ཐང་སོགས་སུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སྒྲོག་འགྲེལ་གནང་སྐབས།

བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་བགྲོ་གླེང་སྤེལ་ཞིང་གཙོ་དོན་ལ་གོ་བ་གཏིང་ཟབ་བླངས་ནས། དེ་བས་དཔའ་ངར་ཆེར་བསྐྱེད་ཀྱིས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་དེ་དུས་རབས་གསར་པར་བྱས་རྗེས་འབུལ་དགོས་ཞེས་གསུངས།

ཧྲེན་དབྱང་གིས་ལི་ཐང་རྫོང་གི་གེ་མོ་ཡུལ་ཤོག་གི་ལས་བྱེད་པ་དང་མང་ཚོགས་དང་བཞུགས་མོལ་གནང་བཞིན་པའི་ཚུལ།

སྤྱི་ཟླ11པའི་ཚེས27ནས28ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་འདབ་པ་རྫོང་འཇམ་རོང་ཡུལ་ཤོག་ར་ལམ་གྲོང་སྡེ་དང་། མང་ར་ཡུལ་ཤོག་བྲག་མགོ་དགོན། ལི་ཐང་རྫོང་གེ་མོ་ཡུལ་ཤོག་ཚྭ་ཁ་གྲོང་སྡེ་དང་། སྐྱ་ཤུལ་གྲོང་སྡེའི་སྐྱ་ཤུལ་དགོན་སོགས་སུ་ཕེབས་ནས། རྫོང་དང་ཡུལ་ཤོག། གྲོང་སྡེ་བཅས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན། དྲིལ་བསྒྲགས་བཅས་བྱས་ཚུལ་རྒྱུས་ལོན་གནང་བ་དང་། ལས་བྱེད་པ་དང་མང་ཚོགས་ལ་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གནང་ཞིང་། དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གལ་ཆེན་དང་། བསམ་བློ་གཙོ་བོ། བརྗོད་དོན་ཕུན་སུམ་ཚོགས་པོ་བཅས་རྒྱས་བཤད་གང་ལེགས་གནང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སེམས་ལ་ངེས་ཤིང་ལག་ལེན་དངོས་སུ་བསྟར་དགོས་པའི་སྐོར་ལ་དམིགས་ནས་བླང་བྱ་ཁ་གསལ་བཏོན་པ་རེད། ཁོང་གིས་རིམ་ཁག་དང་སྡེ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན། དྲིལ་བསྒྲགས་བཅས་བྱ་རྒྱུ་དེ་ད་སྔར་དང་ཕྱིན་ཆད་དུས་རིམ་ཞིག་གི་ཆབ་སྲིད་ལས་འགན་ཆེན་པོ་ཞིག་ཏུ་གཞག་དགོས་པ་དང་། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་མི་དང་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དུ་གཅིག་གྱུར་ཡོང་བར་སྣེ་ཁྲིད་བྱེད་པ་དང་། བློ་རིག་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་ཁག་གི་ཐོག་ལ་གཅིག་གྱུར་ཡོང་བ་བྱེད་ཅིང་། ཏང་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ལོ་རྒྱུས་མེ་ལོང་དུ་འཛིན་ཞིང་མ་འོངས་པ་གསར་གཏོད་བྱེད་པ། དཀའ་སྤྱད་འབད་སྒྲུབ་དང་མདུན་སྐྱོད་ཞུམ་མེད་བཅས་བྱས་ཏེ། དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་ཡོང་བ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་སྒོ་ནས་ཡོང་བའི་ལེའུ་གསར་པ་བརྩམ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྲེན་དབྱང་གིས་གསུངས་དོན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་གསར་པ་ལེན་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། རིམ་ཁག་སྡེ་ཚན་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་བསྡོམས་ཡག་པོ་བྱས་ཏེ་ཏང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་བཏང་ནས་མཐུན་སྒྲིལ་ཕྱུག་འགྱུར་དང་འཆམ་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་འགྲིལ་དགོས།

ཧྲེན་དབྱང་གིས་ནན་གསུང་གནང་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱེད་པོའི་འགན་འཁྲི་ལག་བསྟར་བྱས་ནས་སྒྲིག་འཛུགས་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ཏེ་གཅིག་འདོམས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་རྒྱག་པ་དང་ལྷག་པར་དུ་ཞིང་འབྲོག་ཁུལ་དུ་ཁྱོན་ཡོངས་ལ་ཁྱབ་པའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱ་དགོས། འགན་འཁུར་བློ་མཐུན་གཙོ་བོས་དཔེ་སྟོན་ཡག་པོ་བྱས་ནས་སྦྱངས་ན་ཤེས་པ་དང་བསམས་ན་རྟོགས་པ། བེད་སྤྱོད་མཁས་པ། སྙིང་དོན་དང་ངོ་བོ་བྱང་ཆུབ་པ། དུས་བསྟུན་མདུན་སྐྱོད་ཀྱིས་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཐུས་ཚང་དུ་གཏོང་ཞིང་ལས་ཀའི་གཙོ་གནད་ཁ་གསལ་བཟོ་བ། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀའི་ཕན་འབྲས་དངོས་ལ་ཏན་ཏིག་བསྒྱུར་དགོས། དྲིལ་བསྒྲགས་སྡེ་ཚན་ཁག་གིས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་སྒྲོག་འགྲེལ་རྒྱ་ཁྱབ་ཏུ་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཁོང་དུ་གནད་འཁེལ་ཆུད་པར་བྱས་ནས་སྒྲོག་འགྲེལ་གཏིང་ཟབ་དང་། གླེང་ཆ་ཆེ་བ། སྤེལ་ཤུགས་སྔར་ལས་ཆེ་བ་བཅས་ཡོང་བར་བྱས་ཏེ་གྲོས་ཚོགས་ཀྱི་སྙིང་དོན་དེ་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་སུ་ཟུག་པར་འགན་ལེན་ཏན་ཏིག་བྱ་དགོས།

ཧྲེན་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་རིམས་ནད་འགོག་ཟོན་ལ་ལྷོད་གཡེང་སྤུ་ཙམ་མི་གཏོང་བ་དང་། གྲོང་ཡུལ་གྱི་མ་མཐའི་འཚོ་རྟེན་འགན་སྲུང་དང་། མི་ཧྲེང་རྒན་འཁོགས། གཞིས་སྲུང་བྱིས་པ་སོགས་ཚོགས་སྤྱི་གཙོ་བོ་རྣམས་དགུན་ཡག་པོ་བརྒལ་ཐུབ་པ་བྱ་དགོས། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་པ། ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་དམ་འཛིན་ཏན་ཏིག་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་གཏང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་ཡོང་བ། ས་ཁུལ་དེ་གའི་ལས་རིགས་ཁག་གི་སང་ལོའི་གཙོ་གནད་ལས་དོན་སྔོན་ལ་ཇུས་འགོད་བཅས་བྱས་ནས་ད་ལོའི་མཇུག་ཡག་པོ་བསྐྱངས་ཤིང་སང་ལོར་མགོ་ཡག་པོ་བརྩམ་རྒྱུའི་འགན་ལེན་བྱས་ཏེ་གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་དགོས་ཞེས་གསུངས།།

(ལྷ་འཛོམས་ཀྱིས་བསྒྱུར།)