1989ལོར་འཆི་མེད་རྡོ་རྗེ་ལོ་ན26ལ་སོན་པའི་སྐབས་སུ། གངས་ཐིག་སྦྲག་ལམ་ཐོག་སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བའི་མི་རབས་གསུམ་པར་གྱུར་ནས་ཁྲོན་བོད་གཞུང་ལམ་ཐོག་དཀར་མཛེས་ནས་སྡེ་དགེའི་བར་གྱི་སྦྲག་སྐྱེལ་ལས་སྒོ་ཆེད་དོན་དུ་སྒྲུབ་འགན་འཁུར་བ་རེད། ཁོའི་སྐད་ཆ་དུམ་བུ་ཞིག་ལུང་དྲངས་ནས་བཤད་ན། སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་གཞུང་ལམ་གྱི་འགྱུར་ལྡོག་བདེན་དཔང་བྱེད་ཆོག་ཆོག་རེད། མགྱོགས་འགྲོ་གཞུང་ལམ་བསྐྲུན་རྗེས། སྔོན་ཆད་སྦྲག་ཐོག་བསྐུར་དངོས་སྐྱེལ་འདྲེན་བྱེད་ཐེངས་རེར་ཉིན་མ་བདུན་ཙམ་འགོར། དེང་སང་ཉིན་མ་གསུམ་ལས་འགོར་ལེ་མ་རེད། ཆེས་གལ་ཆེ་བ་ནི་ཁྲོ་ལའི་ཕུག་ལམ་བསྐྲུན་རྗེས་ཆུ་ཚོད་གཉིས་ལྷག་རིང་ལ་མཐོ་ཞིང་གཟར་བའི་རི་ལམ་ཀྱག་ཀྱོག་བརྒྱུད་མི་དགོས་པ་སྐར་མ10ཡི་ནང་ཁྲོ་ལ་བརྒལ་ཐུབ། གཡག་རྔ་ནས་དར་མདོའི་བར་གྱི་མགྱོགས་འགྲོ་གཞུང་ལམ་དང་ཁྲོ་ལའི་ཕུག་ལམ་སོགས་གཙོ་གནད་ཀྱི་འགྲིམ་འགྲུལ་གཞུང་ལམ་བསྐྲུན་ཐུབ་པ་དང་ཆབས་ཅིག། འཆི་མེད་རྡོ་རྗེའི་སྦྲག་ཐོག་བསྐུར་དངོས་སྐྱེལ་འདྲེན་གྱི་ལས་ཆོད་ཆེས་ཆེ་རུ་ཕྱིན་པ་རེད།
ཀ། སྙིང་འཕག་ལུས་འདར་གྱི་གནས་སུ་ལྷུང་བའི་སྐྱེལ་འདྲེན་བྱེད་ཐེངས་རེ་རེ།
1954ལོའི་སྤྱི་ཟླ12པའི་ནང་ཁྲོན་བོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ནས་ད་ལྟའི་བར། ཁྲེང་ཏུའུ་ནས་ལྷ་སའི་བར་གྱི་ཁྲོན་བོད་སྦྲག་སྐྱེལ་གཞུང་ལམ་ལོ་འཁོར65རྒྱུན་མཐུད་བྱས་ཡོད། འདི་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་མཚོ་འཕགས་ཆེས་མཐོའི་རིམ་པ་དང་པོའི་སྦྲག་ཐོག་བསྐུར་དངོས་སྐྱེལ་འདྲེན་བྱེད་སའི་གཞུང་ལམ་ཞིག་ཡིན་པ་རེད། ཁྲོན་བོད་གཞུང་ལམ་དར་མདོ་ནས་སྡེ་དགེའི་བར་སྦྲག་ལམ་གྱིས་སི་ཁྲོན་ནས་བོད་ལ་འདྲེན་པའི་སྦྲག་ཐོག་བསྐུར་དངོས་སྤོས་འདྲེན་བྱ་རྒྱུའི་ལས་འགན་བསྒྲུབ་དགོས་པ་དེའི་ནང“འཆི་མེད་རྡོ་རྗེའི་གངས་ཐིག་སྦྲག་ལམ”ནི་རྒྱལ་ཡོངས་སུ་མཚོ་འཕགས་ཆེས་མཐོ་བའི་སྦྲག་ལམ་ཞིག་ཡིན་པ་རེད། དཀར་མཛེས་ནས་སྡེ་དགེའི་བར་མཚོ་འཕགས་སྨི6168ཡོད་ལ“ཁྲོན་བོད་གཞུང་ལམ་གྱི་རི་བོ་མཐོ་ཤོས། ཁྲོན་བོད་གཞུང་ལམ་གྱི་གཡང་གཟར་དང་པོ”ཞེས་ཟེར་སྲོལ་ཡོད་པའི་ནམ་མཁའི་དབྱིངས་སུ་རེག་འདྲའི་སྡེ་དགའི་ཁྲོ་ལ་བརྒྱུད་དགོས་པ་རེད།
འཆི་མེད་རྡོ་རྗེ་སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་བྱེད་མགོ་ཚུགས་པའི་སྐབས་སུ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དེ་ཙམ་དར་རྒྱས་བྱུང་མེད་ལ། འགྲིམ་འགྲུལ་ཡང་དེ་ཙམ་བདེ་བགྲོད་མི་ཐུབ་པ་དང་ཆབས་ཅིག། ལམ་ངོས་སྙོམས་པོ་མེད་པའི་ཐོག། སྦྲག་སྐྱེལ་རླངས་འཁོར་གྱིས་ཐེག་ཚད་ལྗིད་དྲགས་པའི་རྐྱེན་གྱིས་སྐྱེལ་འདྲེན་བྱས་པའི་གོ་རིམ་ཁྲོད་དུས་རྒྱུན་ཆག་སྒོ་འབྱུང་སྲིད་པ་རེད།
ལོ་རྟག་པའི་སྤྱི་ཟླ10པ་ནས་ཕྱི་ལོའི་སྤྱི་ཟླ5པའི་བར་ནི་སྡེ་དགེ་ཁྲོ་ལའི་ཐོག་རླུང་གིས་ཁ་བ་ལམ་དུ་སྤུངས་པའི་དུས་ཚིགས་ཡིན་པ་རེད། 2016ལོའི་ལུགས་རྙིང་ལོ་ཐོའི་ཚེས་ཉེར་དགུ་ཉིན། འཆི་མེད་རྡོ་རྗེས་དུས་རྒྱུན་ནང་བཞིན་སྦྲག་སྐྱེལ་རླངས་འཁོར་བཏང་ནས་རི་ལམ་ཐོག་ཏུ་སྐྱོད་པའི་སྐབས་སུ། གློ་བུར་དུ་རླུང་གིས་ཁ་བ་སྤུར་ཏེ་གཞུང་ལམ་བཙངས་ནས་རླངས་འཁོར་མི་ཐར་བར་གྱུར།
“ད་ཅི་འདྲ་བྱེད་དགོས་རེད། ལོ་སར་ཤར་རན་པས་རི་ཐོག་ལ་རླངས་འཁོར་གཅིག་ཀྱང་མི་འདུག། ལག་རོགས་བྱེད་མཁན་མེད་ན། རླངས་འཁོར་རྦད་དེ་གཏོང་ཐབས་མི་འདུག།ང་རང་རླངས་འཁོར་དང་བྲལ་ཐབས་མེད་པར་བརྟེན། དེར་བརྒྱུད་པའི་ཡུལ་མི་ཞིག་ལ་རོགས་རམ་བྱ་རྒྱུ་རེ་འདུན་བཅངས་པ་ཡིན།ཡུལ་མི་དེ་སྤྱི་ལེ5བསྐྱོད་ནས་ལག་རོགས་བྱེད་མཁན་མི3ཁྲིད་འོངས་མཐར། ང་ཚོ་མི་ལྔ་པོས་ཆུ་ཚོད4ཙམ་གྱི་རིང་ལ་གཞུང་ལམ་ཐོག་གི་ཁ་བ་གཙང་འཕྱགས་བྱས་རྗེས་རླངས་འཁོར་ཐར་བྱུང”ཞེས་འཆི་མེད་རྡོ་རྗེས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།
འཆི་མེད་རྡོ་རྗེ་དང་ལས་རོགས་ཚོ་ཁ་བ་ཆེན་པོས་བཀག་ནས་རི་ཐོག་ལ་ལྷག་མྱོང་བ་ནི་གྲངས་ལས་འདས་པའི་མཚོན་ཚུལ་ཞིག་རེད། ཁོའི་དྲན་ཤེས་ཀྱི་མེ་ལོང་དུ་མྱོང་ཚོར་ཆེས་ཟབ་མོ་ཞིག་ནི2000ལོའི་སྤྱི་ཟླ2པའི་ཉིན་ཞིག་ལ། འཆི་མེད་རྡོ་རྗེ་དང་ལས་གྲོགས་ཚོ་རི་ཐོག་ལ་གངས་རྡིབ་པ་དང་ཏག་ཏག་འཁེལ་ཞིང་། ལམ་བཅོས་ས་ཚུགས་དང་རྒྱང་ཐག་སྤྱི་ལེ་གཅིག་ཙམ་མ་གཏོགས་མེད་མོད། འོན་ཀྱང་སྦྲག་སྐྱེལ་རླངས་འཁོར་དང་སྦྲག་ཐོག་བསྐུར་དངོས་སྲུང་སྐྱོང་བྱ་ཆེད། ཁོ་ཚོས་སྦྲག་སྐྱེལ་རླངས་འཁོར་བརྟན་སྲུང་བྱས་པའི་དུས་མཚུངས་སུ། ཆུ་ཟོ་དང་ལྕགས་ཁེམ་སྤྱད་ནས་ཁ་བ་ཏིལ་ཙམ་ཏིལ་ཙམ་གཙང་འཕྱགས་བྱས་མཐར། སྤྱི་ལེ་གཅིག་གི་ནང་ཁོ་ཚོ་ཉིན་ཞག་གཉིས་ལ་འགྲོ་དགོས་ཐུག་པ་རེད།
“དེའི་སྐབས་སུ་ཐབས་གཞན་ཅི་ཡོད་ལེ་མ་རེད། བསམ་པའི་ནང་སྦྲག་ཐོག་བསྐུར་དངོས་དེ་དག་ཅི་མགྱོགས་གང་མགྱོགས་ཀྱིས་མང་ཚོགས་ཚོའི་ལག་ཏུ་བསྐྱལ་རྒྱུ་ནི་མང་ཚོགས་ཀྱིས་ང་ཚོར་ཡིད་ཆེས་ཁེངས་པ་རེད། ང་ཚོས་ཀྱང་མང་ཚོགས་ཀྱིས་བཅངས་པའི་རེ་བཅོལ་འདི་སྟོང་ཟད་དུ་གཏོང་ཉན་ལེ་མ་རེད་ཨང”ཞེས་པའི་སྐད་ཆ་འདི་ནི་འཆི་མེད་རྡོ་རྗེའི་ལས་རིགས་གདེང་ཚོད་རེད།
ཁ། གངས་ཐིག་སྦྲག་ལམ་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་དུ་རྒྱུན་སྤེལ་བྱས།
སྔོན་ཆད་སྦྲག་སྐྱེལ་རླངས་འཁོར་གྱིས་ཚུར་ལ་སྐྱེལ་འདྲེན་བྱས་ནས་འོངས་པའི་སྦྲག་ཐོག་བསྐུར་དངོས་མང་བ་དང་། ཕར་ལ་སྐྱེལ་འདྲེན་བྱས་པའི་སྦྲག་ཐོག་བསྐུར་དངོས་ཉུང་ཉུང་ཡིན་ལེ་རེད། ལོ་འདི་ཁ་ཤས་རིང་ལ། ཏང་དང་སྲིད་གཞུང་གིས་དམངས་ཕྱུག་སྲིད་ཇུས་བོད་འབྲེལ་ས་ཁུལ་དུ་ལག་ལེན་མཐར་ཕྱིན་བྱས་པའི་དུས་མཚུངས་སུ། སྦྲག་སྲིད་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བ་དང་གློག་རྡུལ་ཚོང་དོན་མགྱོགས་མྱུར་དུ་འཕེལ་རྒྱས་འགྲོ་བ། མང་ཚོགས་ཀྱིས་དྲྭ་ཐོག་ཅ་ལག་ཉོས་པའི་གོམས་འདྲིས་ཉིན་རེ་བཞིན་ཁྱབ་གདལ་འགྲོ་བ་དང་ཆབས་ཅིག ། སྦྲག་སྲིད་ལས་རིགས་ཕྱོགས་གཉིས་འཁོར་རྒྱུག་གི་ཐབས་ལམ་རིམ་བཞིན་མངོན་གསལ་དོད་པོར་གྱུར་ནས་བཟོ་ལས་ཐོན་རྫས་ཞིང་ཁྱིམ་དུ་བསྐྱལ་བ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་འཇུག་པའི་རྣམ་པ་ཆགས་པ་རེད།
“ལོ30རིང་ལ། ངས་སྦྲག་སྐྱེལ་རླངས་འཁོར་དང་སྦྲག་ཐོག་བསྐུར་དངོས་ཐོག་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱིས་བོད་འབྲེལ་ས་ཁུལ་འཕེལ་ཁ་དར་བའི་རྣམ་པ་མིག་མཐོང་ལག་ཟིན་བྱུང་བ་ཡིན། ངའི་སྦྲག་སྐྱེལ་རླངས་འཁོར་དེ་དང་ཐོག་གི་ལྗིད་ཚང་ཏུན4ལྕོགས་པ་དང་དེ་ནས་ཏུན5ལྕོགས་པར་བརྗེས་ཡོད། དེ་ནས་ཏུན8ལྕོགས་པ་ནས་ད་ལྟ་ཏུན12ལྕོགས་པའི་རླངས་འཁོར་ལ་བརྗེས་ཡོད། སྦྲག་སྐྱེལ་རླངས་འཁོར་ཐོག་དབོར་རྒྱུ་ནི་བུ་ཕྲུག་ཚོའི་སློབ་དེབ་དང་བདམ་ལེན་བརྡ་ཐོའི་ཡི་གེ། ཚགས་པར་དང་དུས་དེབ། གསང་གནད་ཡིག་ཆ། ད་དུང་རི་ལྟར་སྤུངས་པའི་གློག་རྡུལ་ཚོང་དོན་གྱི་འབོག་སྒྲིལ་རེད། འདི་ཚང་མ་ནི་མི་སེར་ཚོའི་རེ་སྒུག་དང་འཕེལ་རྒྱས་ལ་བཅངས་པའི་རེ་བ་ཡིན་པ་ངས་ཤེས་གསལ་ལྟར་ཡིན། གངས་ཐིག་སྦྲག་ལམ་ཡང་དམངས་འཚོའི་བདེ་སྐྱིད་ལམ་བུ་ནས་མི་སེར་ཚོའི་ཕྱུག་འགྱུར་གྱི་ལམ་དུ་རིམ་སྤོར་བྱུང་ཡོད།མི་སེར་ཚོས་གྲོང་ཁྱེར་ནང་གི་གཞིས་མི་དང་འདྲ་བའི་སྟབས་བདེ་ལ་ལས་ཆོད་ཆེ་བའི་སྦྲག་ཐོག་སྐུར་བའི་ཞབས་ཕྱི་ལོངས་སུ་སྤྱོད་ཆོག་པ་རེད”ཅེས་འཆི་མེད་རྡོ་རྗེས་ཧ་ལས་པའི་ངང་ནས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། དེང་སང་གློག་རྡུལ་ཚོང་དོན་འཕེལ་རྒྱས་འགྲོ་བའི་ལྷན་དུ། འབོག་སྒྲིལ་ཉིན་རེ་ལས་ཉིན་རེར་མང་པོར་གྱུར་པར་བརྟེན། ཚུར་ལ་འདྲེན་ནས་འོངས་པའི་ཅ་ལག་མང་ལ། ཕར་ལ་བསྐུར་བའི་ཅ་ལག་ཀྱང་མང་དུ་གྱུར་པ་རེད། ཉག་ཆུ་ཁའི་བེ་ཤིང་ཤ་མོང་དང་དར་མདོའི་བོད་སྨན། ལི་ཐང་གི་དབྱར་རྩྭ་དགུན་འབུ། སེར་ཤུལ་གྱི་ཚགས་ཤ་ལ་སོགས་པའི་ཁྱད་ཆོས་ཐོན་རྫས་ཚང་མ་སྦྲག་སྲིད་རླངས་འཁྱོར་གྱིས་ཕྱི་ཕྱོགས་སུ་སྐྱེལ་འདྲེན་བྱས་དང་བྱེད་བཞིན་ཡོད་པ་རེད།
མང་ཚོགས་ཀྱིས་རིན་ཐང་ཆེ་བའི་ཅ་ལག་འཆི་མེད་རྡོ་རྗེ་ཁོ་ཚོར་སྤྲད་ན་ང་ཚོ་བློས་འཁེལ་འདུག་ཅེས་ཡིད་ཆེས་ཁེངས་པའི་བསྔགས་བརྗོད་བྱས། འཆི་མེད་རྡོ་རྗེས་ཀྱང“ངས་ཚང་མས་འབོག་སྒྲིལ་ལ་ཐུམ་རྒྱག་པའི་རྣམ་པ་རིག་དུས། སེམས་ནང་ཧ་ཅང་དགའ་པོ་འདུག ”ཅེས་བཤད་པ་རེད། སྦྲག་ཐོག་བསྐུར་དངོས་ཇེ་མང་ཕྱིན་ནས་ལས་འབོར་ཇེ་ཆེར་ཕྱིན་མོད། འོན་ཀྱང་མང་ཚོགས་ཀྱི་ཡིད་ཆེས་དང་དགོས་མཁོའི་རྣམ་པས་འཆི་མེད་རྡོ་རྗེའི་སེམས་ཧ་ཅང་དགའ་རུ་བཅུག། སྦྲག་སྐྱེལ་རླངས་འཁོར་བརྒྱུད་མྱོང་བའི་སྦྲག་ལམ་ཕྱུག་འགྱུར་ལམ་དུ་ཆགས་པ་དང་ཆབས་ཅིག། སྦྲག་ལམ་འདི་ཐོགས་མེད་བདེ་བགྲོད་ཐུབ་པ་བྱ་རྒྱུའི་ལས་འགན་ཡོད་པ་ནི་ཁོའི་སེམས་སུ་ཤེས་གསལ་ལྟར་རེད།
2015ལོའི་སྤྱི་ཟླ10པའི་ནང་འཆི་མེད་རྡོ་རྗེའི་བུ་ཆུང་བ་བཀྲ་ཤིས་ཚེ་དབང་ཡང་འདོད་བློ་བཞིན་སྦྲག་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཏུ་གྱུར་པར་བརྟེན། ཁོ་གཉིས་སྦྲག་ལམ་ཐོག་གི“ཕ་བུ་དམག་མིར”གྱུར་ཡོད་པ་རེད།
བཀྲ་ཤིས་ཚེ་དབང་གིས“ངས་མུ་མཐུད་ནས་གངས་ཐིག་སྦྲག་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་ཡིན།ལོ་འདི་དག་གི་རིང་ལ། ཁོ་ཚོའི་སྦྲག་སྐྱེལ་རླངས་འཁོར་གྱིས་མི་སེར་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་དང་། སྦྲག་སྐྱེལ་རླངས་འཁོར་ནང་དབོར་པའི་གློག་རྡུལ་ཚོང་དོན་གྱི་འབོག་སྒྲིལ་ཇེ་མང་ནས་ཇེ་མང་། ཕྱི་ཕྱོགས་སུ་སྐྱེལ་འདྲེན་བྱས་པའི་ཁྱད་ཆོས་ཐོན་རྫས་ཇེ་མང་ནས་ཇེ་མང་རེད”ཅེས་གསར་འགོད་པར་བདེན་དཔང་བྱས་པའི་ཚུལ་གྱིས་དེ་ལྟར་བཤད་པ་རེད།།
༼ ངེད་གསར་འགོད་པ་ཨ་མགོན་གྱིས་བྲིས། ༽
