国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙན་ངག་ཞོ་གསར་འོ་དྲི་ཁ་ཆགས་མ།

མི་ཚོགས་ཡར་འགྲོ་མར་འགྲོ་འཚང་ཁ་རྒྱག།

བར་སྐོར་ཡང་སྐོར་བསྐྱར་སྐོར་མཚན་ཡང་འདའ།།

འུ་གཉིས་ཡང་ཐུག་སླར་འཕྲད་སེམས་ཀྱང་འདྲེས།།

དབུས་ཀྱི་ཇོ་བོའི་མདུན་ནས་ཕྱག་ཀྱང་འཚལ།།

ལག་པ་ཕར་ཇུས་ཚུར་བསྡམས་རྒྱང་སྐོར་བརྒྱབ།།

མིག་ཟུང་ཕར་ཤོར་ཚུར་འཆོར་སྐད་ཆ་བསྙད།།

ཟག་ཕུང་ལྷན་བཅར་མཉམ་གནས་དྲོད་ཀྱང་རྒྱས།།

ཉི་མ་ལྷ་སའི་གླིང་ནས་སྨོན་ལམ་བཏབ།།

ཆང་དམ་ཕར་གཏུགས་ཚུར་གཏུགས་ལྦུ་བ་འཕྱོ།།

མགོ་བོ་ཕར་གླན་ཚུར་གླན་སྐྲ་ཡང་བསྲེས།།

མཆུ་བིམ་འཇིབ་རེས་ནུ་རེས་ཁོག་ཀྱང་མཐུན།།

བྲོ་ཁང་དམར་བོའི་དཀྱིལ་ནས་ཤུགས་ཀྱང་འཆོར།།

ཚོར་བ་གཅིག་རྗེས་གཉིས་མཐུད་ཨིན་ཡང་འབྱིན།།

སྐེ་ལ་མཆུ་སོ་བཏབ་པས་རྨ་ཡང་བཟོས།།

རུས་ཀྱི་ཁུ་ཁྲག་འདྲེས་པས་ལུས་ཀྱང་གསོས།།

གངས་ཀྱི་མེ་ཏོག་མགྲོན་བྲང་རྔུལ་ཆུས་སྦངས།།

ཞེ་ལ་ཞལ་ངོ་ཉེ་བས་ཞེ་ཡང་མཐུན།།

སེམས་ལ་ཉི་ཟེར་འཕྲོས་པས་སེམས་ཀྱང་དྲོ།།

སྙིང་ལ་ཟླ་བ་ཚེས་པས་འོད་ཀྱང་འཁྱུགས།།

སྐྱིད་ཆུ་གྲོག་མོའི་མཚོ་ལ་ཟམ་ཡང་བཟོས།།

སྟེས་དང་སྟབས་ཀྱིས་གྱེས་ཁའི་བརྡ་ཡང་བཞག།

ཡིད་ཀྱི་གདུང་བས་སེམས་ཀྱི་ལྟེང་ཀ་འཕྲོག།

འུ་གཉིས་ཕར་དྲན་ཚུར་དྲན་འཕྲིན་པ་བཏང་།།

ལྷོ་ཡི་ཞལ་གསུང་འཇོལ་མོས་རོགས་ཀྱང་བྱས།།

གངས་ཀྱི་སེང་གེ་དཀར་མོས་སྤྱན་ཡང་ཤོར།།

ནགས་ཀྱི་དམར་ཡག་སྟག་གི་ཡིད་ཀྱང་ཆགས།།

ཡུལ་གྱི་ན་ཟླའི་སེམས་ཀྱི་སྨོན་ཡང་འཆོར།།

བརྩེ་དུངས་མི་འགྱུར་རྡོ་རྗེ་ཞེས་ཀྱང་འབོད།།

༼ གནུབས་རྒྱལ་མཚན། ༽