རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་དེ་སྤྱི་ཟླ12པའི་ཚེས3ནས་4ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་། ཁོང་གིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་ཁྱོན་ཡོངས་ནས་ལག་བསྟར་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཐོག། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་རང་ངོས་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཆོས་ལུགས་ལས་དོན་གྱི་གནས་སྟངས་གསར་པ་ཧུར་བརྩོན་ཆེན་པོས་གཏོད་པ། ཆོས་དད་མང་ཚོགས་ཀྱིས་རྒྱ་ཆེ་བའི་མི་དམངས་མང་ཚོགས་དང་ལྷན་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་སྒྲིག་འཛུགས་དང་ཁྲིད་སྟོན་དེ་བས་ཡག་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད། ཝང་དབྱང་གིས་ཕྱོགས་བསྡོམས་གསུང་བཤད་གནང་།
ཞི་ཅིན་ཕིང་གི་གསུང་བཤད་ནང་དུ་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་མཐོང་ཆེན་པོ་བྱས་ཡོད། རིམ་ཁག་ཏང་ཨུས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་གི་ཆོས་ལུགས་ལས་དོན་གསར་གཏོད་ངང་སྐུལ་འདེད་བཏང་བས་ཕན་འབྲས་ཡག་པོ་ཐོན་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་ལེན་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཆོས་ལུགས་ལས་དོན་གྱི་སྒྲིག་གཞི་དང་ནང་སྲོལ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། ཆོས་ལུགས་ལས་དོན་གྱི་བཅའ་ཁྲིམས་མ་ལག་དང་སྲིད་ཇུས་སྒྲོམ་གཞི་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་སྐུལ་འདེད་གཏོང་ཚད་རིམ་པས་གཏིང་ཟབ་ཏུ་ཕྱིན་ཡོད། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་གཅེས་སྙིང་སྟོབས་དར་སྤེལ་གཏོང་བ་དང་།སྤྱི་ཡོངས་ལ་དང་དོད་དང་། ཁྲིམས་སྐྱོང་ལ་དང་དོད། ཚན་རིག་ལ་དང་དོད། བརྩེ་སེམས་ལ་དང་དོད་བཅས་བྱེད་ཅིང་། མེས་རྒྱལ་རླབས་པོ་ཆེ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་མོས་མཐུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་སྐོར་གྱི་འདུ་ཤེས་གསར་པ་དང་བྱ་ཐབས་གསར་པ་རབ་དང་རིམ་པ་བཏོན་ཡོད་པ་དང་། དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་ལྟར་བྱ་དགོས་པ་དང་། ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཇི་ལྟར་བྱ་དགོས་པ། ཏང་གི་ཆོས་ལུགས་ལས་དོན་ཇི་ལྟར་བྱས་ནས་ཡག་པོ་བསྒྲུབ་དགོས་ཚུལ་སོགས་རིགས་པའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་ལ་ལན་བརྒྱབ་ཡོད། ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱ་དགོས་པ་དང་། ངེས་པར་དུ་མགོ་ཁྲིད་ཀྱི་ནང་སྲོལ་སྟོབས་དང་ལྡན་པ་བཙུགས་ཤིང་འཐུས་སྒོ་ཚང་དུ་གཏང་དགོས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་གཞུང་རྒྱུན་འཁྱོངས་དང་གོང་འཕེལ་གཏང་དགོས། ངེས་པར་དུ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་རྒྱ་ཆེ་བའི་ཆོས་དད་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ངེས་པར་དུ་ཆོས་ལུགས་འབྲེལ་བ་དགེ་མཚན་ཆེ་ལ་སྐྱོན་དང་བྲལ་བ་འཛུགས་དགོས། ངེས་པར་དུ་ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་དགོས། ངེས་པར་དུ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་ཐོག་ནས་ལག་བསྟར་བྱ་དགོས་པ་དང་། མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་བཀུར་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ། རང་ཚུགས་རང་བདག་རང་གཉེར་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བཅས་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ལས་དོན་ཡིན། ཆོས་ལུགས་ལ་དད་པ་བྱེད་མཁན་མང་ཚོགས་དང་དད་པ་མི་བྱེད་མཁན་མང་ཚོགས་ཀྱི་ཆབ་སྲིད་ཐོག་དང་དཔལ་འབྱོར་ཐོག་གི་གཞི་རྩའི་ཁེ་ཕན་ནི་གཅིག་མཚུངས་ཡིན་ཞིང་། ཚང་མ་ནི་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་རྨང་གཞི་ཡིན། ཆོས་དད་མང་ཚོགས་ཀྱི་ཆོས་དད་རང་མོས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ་གང་ཐུབ་ཅི་ཐུབ་ཀྱིས་ཆོས་དད་མང་ཚོགས་དང་མཐུན་སྒྲིལ་བྱ་དགོས་ལ། ཆོས་དད་མང་ཚོགས་ཀྱི་ལས་དོན་ངང་རྒྱུད་རིང་ལ་ཞིབ་ཚགས་ཀྱིས་བསྒྲུབ་ཀྱང་དགོས། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེ་བའི་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཡིན་པས། ཁོ་ཚོས་ལས་དོན་བསྒྲུབ་རྒྱུར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་པ་དང་། ཁོ་ཚོའི་ཆོས་ལུགས་ནང་ཁུལ་ལས་དོན་ཁྲོད་ཀྱི་ནུས་པ་འདོན་སྤེལ་དང་བརྩི་བཀུར་བྱ་དགོས།
(པར་ངོས་བཞི་པར་གཟིགས།)