国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པའི་བརྙན་ལམ་གསོ་སྦྱོང་ཚོགས་འདུ་འཚོགས་ཏེ།

ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་བསྟན།

ཉེ་ཆར།ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པའི་བརྙན་ལམ་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཚོགས་འདུའི་ཐོག་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་དང་། གེགས་སེལ་ལས་ཀ་དེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོང་དང་འབྲེལ་བ་ཡོད་པ་དང་། ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྱོང་དང་འབྲེལ་བ་ཡོད་ལ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡང་ཡོད་པ་རེད། ད་སྔ་ནི་ཁུལ་ཡོངས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཉེན་ཆེ་བའི་དུས་སྐབས་སུ་སླེབས་ཡོད་པས། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཐེངས་འདིའི་གསོ་སྦྱོང་གི་གོ་སྐབས་ལ་བརྟེན་ནས། ཆབ་སྲིད་ཀྱི་ཚུགས་གནས་སྤར་དགོས་པ་དང་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་འགན་ཁ་གསལ་བཟོ་བ། བྱ་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་གསོ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་གསོ་སྦྱོང་ལ་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། བཅོས་སྒྲིག་ལ་བརྟེན་ནས་འགོག་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་ཡུལ་བསྒྲུབས་ནས་སྔོན་འགོག་གཙོ་བོར་བྱེད་པ་དང་། ཚན་རིག་དང་མཐུན་པའི་བཀོད་འདོམས། མེ་གསོད་ནུས་ཆེ། ཉེན་གཡོལ་ནུས་ལྡན་བཅས་ཀྱི་ལས་ཀའི་འཇོན་ཐང་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏང་དགོས་ཞེས་བཏོན་པ་རེད།

ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཁག་སོ་སོས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་གི་ཆབ་སྲིད་འགན་འཁྲི་ཁུར་ནས་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས་པ་དང་། མེ་ཉེན་ཆེ་བའི་དུས་ཀྱི་དོགས་ཟོན་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་རི་རྒྱ་ནན་པོ་སྡོམ་པ་དང་། མི་ནན་པོ་སྲུང་བ། མེ་ཟོན་ནན་པོ་བྱེད་པ་བཅས་བྱས་ནས་རྨང་གཞིའི་ནུས་པ་ཆེ་རུ་གཏོང་ཞིང་བཀོད་འདོམས་ནུས་པ་ཆེ་རུ་གཏང་དགོས། ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ཀྱི་འགན་འཁྲི་དང་འགན་ལེན་གྱི་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི། དྲྭ་རྒྱ་བའི་དོ་དམ་སྲུང་སྐྱོང་གི་འགན་འཁྲི། གྱོད་འབྲེལ་མི་སྣའི་འགན་འཁྲི་བཅས་དོན་འཁྱོལ་བྱས་ནས། ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་མིས་བཟོས་མེ་སྐྱོན་ཨང་དང་པོ་མི་ཐོན་པ་དང་། མིས་བཟོས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་མི་ཐོན་པ། མི་སྣ་ཤི་རྨས་ཚབས་ཆེན་མི་ཐོན་པ་བཅས་ཀྱི་མཐིལ་ཚད་གསུམ་སྲུང་སྐྱོང་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།﹙བདེ་སྐྱིད་ཀྱིས་བསྒྱུར།﹚