国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལས་ཀྱི་རྟ་ཕོ།

ཞེ་རུ་ལྷུང་བའི་རྟ་ཕོ་ཁམ་པ་དེ།།

ཡིད་ཀྱི་ཕ་ཡུལ་ཚེས་པ་ཡིན་ཚོད་རེད།།

འཚེར་སྐད་ལྷང་ལྷང་ཡིད་གཞུང་འབབ་པ་གན།།

མཛའ་གཞས་སྙན་པའི་རོལ་མོ་བདུངས་བ་ཡིན།།

རྨིག་བཞིའི་རྡུལ་གྱིས་འཆར་སྣང་ལྡེ་གུ་རྩེན།།

ལས་ཀྱི་རྒྱང་རིང་ངལ་དུབ་མེད་པར་མངོན།།

རྣ་གཤོག་བརྩེངས་ནས་དབྱངས་ལ་ཉན་ཚུལ་དེས།།

དྲན་པའི་མཛའ་གཞས་ཞེ་ནས་བཏང་ཚོད་རེད།།

མིག་ཟུང་གོར་ཞིང་དཀར་ནག་འཛོམས་པ་དེ།།

སྣང་བའི་དྲན་པ་གཅིག་ཏུ་འདྲེས་པ་ཚོར།།

རྔོག་མ་རླུང་གིས་ཤོད་པའི་ངང་ཚུལ་ལ།།

ལས་ཀྱི་ཞེ་མཐུན་དྲན་པའི་འཆར་བརྙན་ཡག།

བྱང་ཁོག་ཕྲ་ལ་མཉེན་ལྕུག་ལྡེམ་པའི་ཚུལ།།

ལས་ཀྱི་བསྐོས་ཐེངས་འཛོམས་པ་ཡག་མོ་ཡིན།།

སྐེ་ལ་སྲུང་མདུད་ལྗང་ཁུ་བཏགས་པ་དེ།།

ལས་ཀྱི་མི་དེ་བདམས་པའི་ཐམ་ག་ཡིན།།

སྲབ་དེ་རྩིད་སྐུད་དྲན་པས་བསླད་པ་འདི།།

འཚོ་གཞིས་བརྟན་ཅིང་ཞེ་ཁམས་འགྲིག་པའི་བརྡ།།

སྲབ་མདའ་སྡོམ་གྱི་རྒྱན་གྱིས་སྤུད་པ་གན།།

དཔལ་དང་ཤིས་པ་ཡག་པའི་རྟེན་འབྲེལ་མཚོན།།

སྲབ་མདའ་ཨ་ལུང་ཆབ་མས་མདུད་པའི་ཚུལ།།

ནང་གི་ལས་དབང་ཕན་ཚུན་དགུ་མདུད་ཡིན།།

སྒ་ལ་ཕྲ་རྒྱན་སྒྲོ་གུ་བསྣན་པ་འདི།།

ལས་ཀྱི་འཚོ་གཞིས་ཕྱྭ་གཡང་འཁོར་ཚུལ་ཡིན།།

གདན་ལ་གཡུ་འབྲུག་ཁ་སྤྲོད་ཡིན་པ་དེ།།

ཞེ་ཡི་འདང་བརྩེ་གཡུ་དྲུང་འཁྱིལ་ལུགས་རེད།།

སྒྲོག་གིས་མ་བཅིངས་རྒྱ་ཡན་བཏང་བ་འདི།།

ཡུལ་གྱི་རང་དབང་མཚོན་པའི་དན་དཔང་དངོས།།

གངས་ཆབ་བཏུང་ཞིང་རྩྭ་ཐང་འཚོ་བ་དེ།།

གཞིས་ཀྱི་ནང་སྲོལ་མ་ཉམས་དགེ་མཚན་བཀྲ།

༼ གུ་དཔལ་ཤིས། ༽