国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས་ཞེས་གསུངས།

རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ཅིང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་

སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས་ཞེས་གསུངས།

( པར་ངོས་དང་པོར་མཐུད།)

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོས་སྣེ་ཁྲིད་བྱ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་མེས་རྒྱལ་རླབས་པོ་ཆེ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་མཐུན་བྱེད་ཤུགས་ཆེ་རུ་གཏང་དགོས། ཆོས་ལུགས་ལས་རིགས་ནང་རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་སྤེལ་བ་དང་། དམིགས་ས་ཡོད་པའི་ཐོག་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས།སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ནས།ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་འཛིན་ཞིང་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་རིག་གནས་དར་སྤེལ་གཏང་རྒྱུར་ཁྲིད་སྟོན་བྱ་དགོས། རྒྱལ་ཁབ་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་དང་། རང་ཚུགས་རང་བདག་རང་གཉེར་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། འབྲེལ་ཡོད་ལས་དོན་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏང་དགོས། འབྲེལ་དྲྭའི་ཆོས་ལུགས་ལས་དོན་ཐད་དོ་དམ་བྱ་རྒྱུར་ཤུགས་རྒྱག་དགོས། རང་རྒྱལ་གྱི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུད་འཛིན་བྱ་རྒྱུར་ཤུགས་རྐྱེན་ཐེབས་པའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ཏན་ཏིག་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཆོས་ལུགས་ལས་རིགས་ཀྱིས་རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་སྡོམ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆོས་ལུགས་ཁྱོན་ཡོངས་ནས་ནན་པོས་སྐྱོང་བ་དང་། སྣེ་ཁྲིད་ནས་ཁྲིམས་སྲུང་སྒྲིག་བཀུར་དང་ཆོས་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་དགོས། ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་། མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་དམངས་གཙོའི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏང་དགོས། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་ཆོས་ལུགས་བྱེད་སྒོ་སྤེལ་དགོས་པ་དང་། སྤྱི་དམངས་ཀྱི་གཟུགས་གཞིའི་བདེ་ཐང་ལ་གནོད་འཚེ་བཟོ་མི་ཆོག་ཅིང་། སྤྱི་སྒྲིག་སྲོལ་བཟང་ལ་རྒྱབ་འགལ་བྱེད་མི་ཆོག་ལ། སློབ་གསོ་དང་། ཁྲིམས་འཛིན། སྲིད་འཛིན་འགན་ནུས། སྤྱི་ཚོགས་འཚོ་བ་བཅས་ལ་ཐེ་ཇུས་བྱེད་མི་ཆོག།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་ཁོང་དུ་ཆུད་པ་དང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཡོད་པ། ཆོས་དད་མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ཏང་སྲིད་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས། ཁོ་ཚོར་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས། ཆོས་ལུགས་ཀྱི་ཤེས་བྱ་བཅས་སློབ་སྦྱོང་གདིང་ཟབ་བྱེད་དུ་བཅུག་སྟེ་ཁྲིད་སྟོན་གྱི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་མཐོ་བ། ཀུན་སྤྱོད་ཐད་ཚང་མའི་ཁས་ལེན་ཐོབ་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱ་དགོས། བསམ་བློ་ཆབ་སྲིད་ཀྱི་བློ་རྩ་བརྟན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་རྒྱུན་འཁྱོངས་བྱེད་པ། སློབ་སྲོལ་བཟང་བ། གསར་གཏོད་བྱེད་མཁས་པ་བཅས་ཀྱི་ཆོས་ལུགས་ཞིབ་འཇུག་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་རིག་པའི་རིག་གཞུང་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ཆོས་ལུགས་ལས་དོན་གྱི་སྒྲིག་གཞི་དང་ནང་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཏང་ཨུས་མགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་དོ་དམ་བྱེད་པ། སྤྱི་ཚོགས་ཀྱིས་རོགས་འདེགས་བྱེད་པ། ཆོས་ལུགས་ཀྱིས་རང་གཅུན་བྱེད་པ་བཅས་ཀྱི་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་གནས་བབ་ཅིག་སྐྲུན་པར་སྐུལ་འདེད་གཏང་དགོས། ཆོས་ལུགས་ལས་དོན་དང་འབྲེལ་བ་ཡོད་པའི་འབྲེལ་བ་གལ་ཆེན་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་པ་དང་། དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱ་དགོས།

ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཆོས་ལུགས་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་གནང་ཡོད་པ་དང་། ཆོས་ལུགས་ལས་དོན་གྱི་མདུན་དུ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་གནང་ཡོད་ཅིང་། དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། འཐབ་ཇུས་གསར་པ་བཅས་རྒྱས་བཤད་ཆ་ཚང་པོ་གནང་ཡོད་ལ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དང་། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་ཁྲིད་སྟོན་དགོངས་པ་དང་། འཐབ་ཇུས་དམིགས་འབེན། གཙོ་གནད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་ཀྱང་ཁ་གསལ་བཏོན་གནང་ཡོད་པས། དེར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། དེ་ནི་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ལ་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ཞིང་། དེས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏིག་དང་གོ་བ་གཏིང་ཟབ་བླངས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་འཁྱོལ་ཡག་པོ་བྱེད་ཅིང་། ཏང་གི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱ་དགོས།

ཝང་དབྱང་གིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གནས་བབ་ཆེན་མོར་གཞིགས་པ་དང་འཕེལ་ཕྱོགས་ཆེན་པོར་དམིགས་པ། ཁ་ཕྱོགས་གསལ་སྟོན་དང་ཇུས་གཞི་ཆེན་པོ་བཏོན་གནང་ཡོད་ཅིང་། དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་དངོས་ཀྱི་གནད་དོན་རབ་དང་རིམ་པར་ལན་གཏིང་ཟབ་གནང་ཡོད་པས། དེ་ནི་ཏང་གི་ཆོས་ལུགས་ལས་དོན་གྱི་ལག་ལེན་གྱི་ཕྱོགས་བསྡོམས་གསར་ཤོས་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱས་པའི་གྲུབ་འབྲས་གསར་ཤོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་ཀྱི་གོང་འཕེལ་གསར་ཤོས། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་རྩ་གནད་བཅས་རེད། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཆ་ཚང་ཞིང་འཕྱུགས་པ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ལག་ལེན་བསྟར་བ་དང་། དོན་སྙིང་གཙོ་བོ་དང་། དགོངས་དོན་གྱི་ངོ་བོ། ནང་དོན་ཕུན་སུམ་ཚོགས་པ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ། སྦྱངས་ནས་དོན་ཤེས་དང་བསམས་ནས་གདེང་རྙེད་པ། སྤྱད་ནས་ལག་ལེན་བསྟར་བ་བཅས་གཅིག་གྱུར་ཡོང་བ་བྱ་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་ཟླ་དང་གནད་དོན་ཐག་གཅོད་མཁས་པོ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུད་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་དང་སྒྲོག་འགྲེལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ལག་བསྟར་བསམ་འཆར་བཟོ་བ། ལས་ཀའི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་ཆོས་ལུགས་ལས་དོན་གྱི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུ་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ཞིབ་འཇུག་སྒྲིག་གཞིའི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད། ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེར་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།།(ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དྲ་བ་ནས་དྲངས།)