国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ལྗོངས་ཀྱི་ས་གདན་ཐོན་ལས་ལ་གསོན་ཤུགས་གསར་པ་འཕེལ།

ཞིན་ཧྭ་གསར་འགྱུར་ཁང་ལྷ་ནས་འབྱོར་བའི་གློག་འཕྲིན། ཉིན་རྟག་པའི་སྔ་ཇ་འཐུང་རྗེས། མིག་དམར་ཚེ་རིང་སྔོན་ཆད་ནང་བཞིན་སྔ་མོ་ནས་ཁོས་ལོ་རབས་ཕྱེད་ཙམ་ལ་བརྟན་སྲུང་བྱས་པའི་ས་གདན་བཟོ་གྲྭའི་ནང་ལས་ཀ་དང་ལྟ་སྐོར་བྱེད་དུ་འགྲོ་སྲོལ་ཡོད་པ་རེད། འདིར་ཁོ་དང་ཁོའི་ཨ་ཕ་དམ་པའི་མི་ཚེའི་འཚོ་བའི་སྐྱིད་སྡུག་གི་དྲན་ཤེས་ཡོད་ལ། མི་རབས་གཉིས་ཀྱིས་བརྟན་སྲུང་བྱས་པའི་ས་གདན་གྱི་བྱ་གཞག་ནི་དེ་བས་ཀྱང་ཡོད། རྒྱལ་རྩེ་ནི་བོད་རང་སྐྱོང་ལྗོངས་ཀྱི་སྐད་གྲགས་ཡོད་པའི་ས་གདན་གྱི་ཆོལ་ཁ་ཡིན་ཞིང་། རྒྱལ་རྩེའི་ས་གདན་ནི་འཚེམ་ཚགས་དམ་ཞིང་བརྡར་ཟད་དཀའ་བ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོས་བརྒྱན་ཞིང་ཁ་དོག་རྣམ་པར་བཀྲག་བ་རེད། ད་བར་དུ་ལོ་ངོ900ལྷག་གི་གདན་བཟོའི་ལོ་རྒྱུས་ཡོད། མིང་ཆིན་རྒྱལ་རབས་ཀྱི་དུས་སུ་རྒྱལ་རྩེའི་ཁ་གདན་ནི་བོད་ལྗོངས་ས་གནས་སྲིད་གཞུང་གི་དཔོན་པོས་གོང་ལ་ལེགས་སྐྱེས་འབུལ་རྫས་གཙོ་བོ་ཡིན་ཞིང་། 2011ལོར་བོད་ལྗོངས་རྒྱལ་རྩེ་རྫོང་གི་ས་གདན་བཟོ་གྲྭར་རྒྱལ་ཁབ་རིག་གནས་པུའུ་ཡིས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་བྱེད་ཡུལ་ཞེས་པའི་མཚན་སྙན་སྤྲད་པ་རེད།

1974ལོ་ནས་བཟུང་བཟོ་གྲྭའི་ནང་ལས་ཀ་བསྒྲུབས་མྱོང་བའི་བསླབ་པའི་བྱང་ཆ་ཡོད་པའི་ལག་རྩལ་པ་ཞིག་ཡིན་ཕྱིར། ད་ལོར་ལོ་ན63ལ་སོན་པའི་མིག་དམར་ཚེ་རིང་བཟོ་གྲྭས་གདན་ཞུ་དང་ལེན་བྱས་ནས་ཐོན་སྐྱེད་ཀྱི་ལས་ཡུལ་དང་པོར་བྲེལ་བཞིན་ཡོད་པ་རེད།

རྒྱལ་རྩེ་ས་གདན་བཟོ་གྲྭའི་མགོ་འཛིན་ཕུན་ལྷག་གིས2017ལོར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྒོར་ཁྲི650གཏོང་སྤྲོད་བྱས་ཏེ་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཁྲིད་སྦྱོང་ལས་གཞིའི་མ་དངུལ་དུ་བཀོལ་སྤྱོད་བྱས་མཐར། ས་གདན་བཟོ་གྲྭར་དེང་རབས་ཅན་གྱི་བཟོ་གྲྭ་གཉིས་བསྐྲུན་ཡོད་པ་རེད། དེང་སང་བཟོ་པ60ཡོད་པའི་རྒྱལ་རྩེ་ས་གདན་བཟོ་གྲྭའི་སྒྲིག་བཀོད་ཆ་ཚང་ལ་ཚོང་ཟོག་གི་དགོས་མཁོ་སྐོང་མི་ཐུབ་པ། ཐོན་རྫས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཚོང་བྲིན་པོ་ཡིན་པ་རེད་ཅེས་ངོ་སྤྲོད་བྱས།

2014ལོར“ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི”བསྟན་འཛིན་གྱིས་བློ་ཐག་ཆོད་པོས“ལྕགས་ཕོར”དོར་ནས་རྒྱལ་རྩེའི་ཉི་འོད་བོད་གདན་བཟོ་གྲྭ་བཙུགས་པ་ནས་བཟུང་སེམས་ནུས་ཡོད་རྒུ་བཏོན་ནས་འཁྲུག་ཆ་དོད་པའི་བོད་རུམ་ཁྲོམ་རའི་ནང་ཞུགས་ཡོད། ཁོང་གིས“དར་རྒྱས་གོང་འཕེལ་གཏོང་དགོས་ན། ངེས་པར་དུ་གསར་གཏོད་ཡང་དག་དང་དུས་བསྟུན་མདུན་སྐྱོད་བྱ་དགོས།” “ང་རིག་གནས་དེར་དགའ་པོ་ཡོད། ངས་དེ་དར་རྒྱས་གོང་འཕེལ་གཏོང་རྒྱུའི་རེ་བ་འཆང་བཞིན་ཡོད”ཅེས་བཤད།

2020ལོར་ཐོན་རྫས་དང་ལག་རྩལ་གསར་གཏོད་དང་གཉེར་སྐྱོང་བྱེད་སྟངས་ཐད་ཐབས་ལམ་མང་པོ་འཚོལ་ཞིབ་བྱས་པ་བརྒྱུད་ཉི་འོད་བོད་གདན་བཟོ་གྲྭར་བྲིན་ཚོང་ཡོང་འབབ་སྒོར་ཁྲི700ལྷག་ཙམ་བྱུང་ཡོད། “གཉེན་སྒྲིག་བྱེད་སྐབས་ཚེ་གང་རིང་ཐེངས་གཅིག་བྱས་པ་དེར་དོན་སྙིང་ཆེན་པོ་ལྡན་ཡོད། ང་ཚོས་སྲོལ་རྒྱུན་གྱི་འཐག་རྩལ་ལ་བརྟེན་ནས་མི་གསར་པར་གསོན་ཉམས་དོད་པའི་འགེལ་རུམ་རྣམ་པའི་གཉེན་སྒྲིག་གི་པར་གཏོད་ཆོག”ཅེས་བསྟན་འཛིན་གྱིས་བཤད་པ་རེད།

ལས་གཏོད་ཀྱི་ལམ་བུའི་ཐོག་བསྟན་འཛིན་གྱིས“སྙན་ངག་དང་རྒྱང་རྒྱུག”འཚོལ་ཞིབ་བྱེད་པ་དང་ཆབས་ཅིག། ཡུལ་མི་ཚོར་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཀྱི་གོ་སྐབས་ཀྱང་བཏོད་ཡོད་ཅེས་བཤད།

ད་ལོར་ལོ་ན46ལ་སླེབས་པའི་དམ་ཆོས་ནི་རྒྱལ་རྩེ་རྫོང་གི་ཞིང་པ་དཀྱུས་མ་ཞིག་ཡིན་ཞིང་། ཆུང་དུས་ནས་ཁྱིམ་དུ་བོད་རུམ་འཐག་པའི་ཉམས་མྱོང་ཡོད། ཁོས“ང་སྔོན་ཆད་ཞིང་ལས་ལ་བྲེལ་བས་ད་དུང་ཕྱིར་ལས་ཀ་བྱེད་པར་སྐྱོད་ཀྱི་ཡོད། ད་ཆ་བཟོ་གྲྭའི་ནང་བོད་རུམ་འཐག་ཡོད་པས་ཟླ་རེར་ཡོང་འབབ་སྒོར4700ཡོང་གི་འདུག ལས་ཀའི་ཁོར་ཡུག་ལེགས་ལ་ཡོང་འབབ་བརྟན་པོ་འདུག ད་དུང་འཐག་རྩལ་རྒྱུན་འཛིན་བྱེད་ཐུབ་པས་སེམས་ནང་ཧ་ཅང་དགའ་པོ་འདུག”ཅེས་བཤད།

བོད་གདན་དེ་ཁྲོམ་རའི་ཐོག་མངོན་པ་ནི་བོད་ཀྱི་རིག་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་རེད། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་གྲངས་གཞི་ལས་མངོན་པར2021ལོའི་སྤྱི་ཟླ11པའི་ཟླ་མཇུག་བར་བོད་ཀྱི་རིགས་སྣ་ཚོགས་ཀྱི་རིག་གནས་ཁེ་ལས5500ལྷག་ཙམ་དང་ལས་ཞུགས་མི་སྣ་ཁྲི7ལྷག་ཙམ་ལ་ཟིན་པ་དེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ)རྫོང་བཅས་རིམ་པ་བཞིའི་རིག་གནས་ཐོན་ལས་དཔེ་སྟོན་གླིང་ཁུལ(རྟེན་གཞི)344ཡིན་པ་དང་རིག་གནས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར68.87ལ་ཟིན་པས་དུས་མཚུངས་ལས་བརྒྱ་ཆ13འཕར་ཡོད་པ་རེད།

ཉིན་ལྟར་འདིར་བོད་གདན་བྲེག་ནས་བློ་བདེ་པོ་ཡོང་བ་བྱེད་ཀྱི་ཡོད། ང་ཚོས་མི་རབས་མང་པོའི་ཐུན་མོང་འབད་བརྩོན་བྱས་པར་བརྒྱུད་བོད་གདན་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལག་རྩལ་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་ཆབས་ཅིག། འཛམ་གླིང་ཁྱབ་ཁོངས་སུ་མི་དེ་བས་མང་པོས་དགའ་པོ་བྱེད་པ་དང་ཉར་ཚགས་བྱེད་ཐུབ་རེ་བྱེད་ཀྱི་ཡོད་ཅེས་མིག་དམར་ཚེ་རིང་གིས་དེ་ལྟར་བཤད་པ་རེད། །

(ཡེ་མགོན་གྱི་བསྒྱུར།)