འཕྲིན་ཕྲན་གཏོང་སྤྲོད་ལ་“མགོ་སྐོར་མི་ཐེབས་པའི་དྲན་སྐུལ།”ནུས་པ་དངོས་སུ་ཤར་གཏོང་བྱས་འདུག། ངོ་སྤྲོད་བྱས་པར་གཞིགས་ན། སྤྱོད་མཁན་གྱིས་དངུལ་སྤྲོད་པའི་བརྒྱུད་རིམ་ཁྲོད་ཉེན་ཁ་ཡོད་པའི་ཉོ་ཚོང་དང་འཕྲད་སྐབས། གཏོང་སྤྲོད་ངོས་སུ་“ཁ་པར་ལེན་དགོས་པའི་དྲན་སྐུལ”མཐེབ་གནོན་འབྱུང་བ་རེད། ཐེང་ཞུན་སྤྲིན་ནུས་ཞབས་ཞུས་དུས་ཐོག་དྲ་ལམ་ཞབས་ཞུ་མཁོ་འདོན་བྱས་ནས། སྤྱོད་མཁན་ལ་མིག་སྔའི་ཉོ་ཚོང་གི་ཉེན་ཁ་བརྡར་ཤ་གཅོད་རོགས་བྱེད་པ་མ་ཟད། ནུས་ལྡན་གྱི་ཉེན་ཟོན་ཉེན་བརྡ་བཏང་ནས་སྤྱོད་མཁན་གྱི་རྒྱུ་ནོར་བདེ་འཇགས་ལ་སྔར་བས་སྲུང་སྐྱོང་བྱེད་ཀྱི་ཡོད།
འཕྲིན་ཕྲན་གཞུང་ཕྱོགས་ཀྱིས། ཉེ་ཆར། ཡུན་ནན་གྱི་སྐུ་ཞབས་ཀྲང་ལགས་ལ་འཕྲིན་ཕྲན་གཏོང་སྤྲོད་ཀྱི་ཞབས་ཞུའི་ཁ་པར་འབྱོར་དུས། ཁོས་སྒོར་ཁྲི་19ཡི་དངུལ་ཁོངས་སྒྱུར་བཞིན་ཡོད་པ་དེ་དཔེ་དྲངས་འདུག། སྐུ་ཞབས་ཀྲང་ལགས་ཀྱིས་བཤད་རྒྱུར། ཁོས་བརྙན་ལམ་སྟེགས་བུ་ཞིག་ནས“མཛེས་མ”ཞིག་ངོ་ཤེས་བྱུང་ལ། “མཛེས་མ”ཡིས་རང་འགུལ་ངང་སྐུ་ཞབས་ཀྲང་ལགས་ལ་འཕྲིན་ཕྲན་འབྲེལ་བ་བཙུགས་ཤིང་ཁོ་གཉིས་ཕན་ཚུན་བར་ཁ་བརྡ་ཧ་ཅང་བྱུང་བ་རེད། འོན་ཀྱང་། གཟའ་འཁོར་གཅིག་ཀྱང་མ་འགོར་བར། “མཛེས་མ”ཡིས་གོ་སྐབས་དང་བསྟུན་ནས་ཀྲང་ལགས་ལ་དངུལ་བུན་སྒོར་ཁྲི19གཡར་ནས་ནད་བཅོས་བྱེད་དགོས་པ་བཤད། བརྩེ་དུང་ངོ་མ་རྙེད་ཡོད་བསམ་པའི་སྐུ་ཞབས་ཀྲང་ལགས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དངུལ་བསྒྱུར་གྲབས་བྱས། ཏག་ཏག་དངུལ་བསྒྱུར་སྐབས་ཤེལ་ངོས་སུ་སྐད་འཕྲིན་གཏོང་སྤྲོད་ཀྱི་དྲན་སྐུལ་སྐད་བརྡ་ཐོན་བྱུང་།
འཕྲིན་ཕྲན་གཏོང་སྤྲོད་ཞབས་ཞུ་བས་སྐུ་ཞབས་ཀྲང་ལགས་ཀྱི་ཉོ་ཚོང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ཉམས་མྱོང་ལ་བརྟེན་ནས་སྐུ་ཞབས་ཀྲང་ལགས་ནི་ཕལ་ཆེར་དགའ་གྲོགས་སྒྲིག་མཁན་གྱི་གཡོ་འོག་ཏུ་ཚུད་སྲིད་པ་དང་། དེ་ནས་ངང་རྒྱུད་རིང་པོས་སྐུ་ཞབས་ཀྲང་ལགས་ལ་གྲོགས་སྒྲིག་མཁན་གྱི་གཡོ་ཐབས་བཤད་པ་མ་ཟད། ཁོང་ལ་གཏོང་སྤྲོད་མེད་པར་བཟོ་རྒྱུའི་གྲོས་འགོ་བཏོན། སྐབས་འདིར་སྐུ་ཞབས་ཀྲང་ལགས་ཀྱིས་གཞི་ནས་ཧ་གོ་སོང་།།
( མི་དམངས་དྲ་བ་ནས་དྲངས།)
