ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ་དང་པོའི་ཚེས11ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་ཕྱི་དྲོར་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་མགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་མགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གིས་ཐེངས་འདིའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འཚོགས་པའི་དམིགས་ཡུལ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ཞིབ་ཀློག་དང་གོ་བ་གཏིང་ཟབ་ལེན་ནས། ཏང་གི་ལོ་རྒྱུས་ཕྱོགས་སྡོམ་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་མུ་མཐུད་ནས་གཏིང་ཟབ་ཕྱོགས་སུ་སྤེལ་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ལ་བློ་གདེང་དང་བཀོལ་སྤྱོད་དེ་བས་ཡག་པོ་བྱས་ནས་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ལོ་རྒྱུས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། མཐུན་སྒྲིལ་གཅིག་གྱུར་བྱེད་ཤུགས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཡིད་ཆེས་བརྟན་པོ་དང་ཞུམ་མེད་མདུན་སྐྱོད་བྱེད་པའི་སྐུལ་སློང་གིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཡུལ་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་གིས་སློབ་མགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་དང་དེ་བཞིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། མི་རིགས་ཤིག་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་དགོས་ཚེ། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་སྐད་ཅིག་ཙམ་ཡང་མེད་ན་མི་འགྲིག་ལ། ཡང་དག་པའི་བསམ་བློའི་ཁྲིད་སྟོན་སྐད་ཅིག་ཙམ་ཡང་མེད་ན་མི་འགྲིག། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་དོན་མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་འགྲིག་པས་རེད། མར་ཁེ་སི་རིང་ལུགས་འགྲིག་དོན་ནི་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བར་མ་ཟད་དེས་ལག་ལེན་ལ་མཛུབ་ཁྲིད་བྱས་པས་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལམ་བུའི་ཁྲོད་ཏང་གིས་རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཡོད། ཏང་གིས་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལམ་བུའི་ཁྲོད་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་དབྱེ་ཞིབ་ཞིབ་འཇུག་དང་ཕྱོགས་སྡོམ་བྱ་རྒྱུར་མཐོང་ཆེན་བྱེད་པ་དེ་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱི་མགོ་ནས་མཇུག་བར་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་དགོས། མར་ཁེ་སི་རིང་ལུགས་ཀྱིས་འགྲོ་བ་མིའི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། འདི་ནི་ང་ཚོས་འཇིག་རྟེན་ཤེས་རྟོགས་དང་། ཆོས་ཉིད་ཁོང་དུ་ཆུད་པ། བདེན་དོན་དོན་གཉེར། འཇིག་རྟེན་སྒྱུར་བཀོད་བཅས་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཡིན། དེ་དང་ཆབས་ཅིག་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ནི་ལུང་བསྟན་ཞིག་མ་ཡིན་པར་འདི་ནི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་པས། ངེས་པར་དུ་ལག་ལེན་གྱི་འགྱུར་ལྡོག་དང་བསྟུན་ནས་འཕེལ་རྒྱས་གཏང་དགོས། མར་ཁེ་སི་རིང་ལུགས་ལན་ལེན་ཁྲོད་དུ་ནུས་པ་ཐོན་མིན་གྱི་འགག་རྩ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱེད་ཐུབ་མིན་ལ་ཐུག་ཡོད། འཛམ་གླིང་དང་ཀྲུང་གོས་འགྱུར་ལྡོག་མགྱོགས་མྱུར་འགྲོ་བའི་མདུན་དུ་གལ་ཏེ་སྲོལ་རྙིང་མཁྲེགས་བཟུང་དང་བསམ་བློ་རྙིང་ཞེན་བག་ཁུམ། རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་བློ་སྟོབས་མེད་འགྱུར་ན། ཀྲུང་གོའི་འདྲི་བ་དང་། འཛམ་གླིང་གི་འདྲི་བ། མི་དམངས་ཀྱི་འདྲི་བ། དུས་རབས་ཀྱི་འདྲི་བ་བཅས་ལ་ཚན་རིག་དང་མཐུན་པའི་ལན་ཞིག་འདེབས་མི་ཐུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མུ་མཐུད་ནས་མདུན་དུ་བསྐྱོད་ཐབས་བྲལ་བར་མ་ཟད་མར་ཁེ་སི་རིང་ལུགས་ཀྱི་སྐྱེ་སྟོབས་ནུས་པ་དང་གོ་སྐོན་བློ་འགུག་གི་ནུས་པའང་ཤོར་སྲིད། དེང་རབས་ཀྲུང་གོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་རླབས་ཆེ་ལ་ཐུན་མོང་མ་ཡིན་པའི་ལག་ལེན་གསར་གཏོད་བརྒྱུད་བཞིན་ཡོད། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལྕི་བ་དང་། འགལ་ཟླ་དང་ཉེན་ཁ། འགྲན་སློང་བཅས་མང་བ། རྒྱལ་སྲིད་སྐྱོང་ལུགས་ཐད་ཚོད་བགམ་ཆེ་བ་བཅས་ཚང་མ་སྔར་བྱུང་མ་མྱོང་བ་ཞིག་ཡིན་པ་དང་། འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་འགྱུར་ལྡོག་གཏིང་ཟབ་སྔར་བྱུང་མ་མྱོང་བ་ཞིག་ཡིན་པ་དེ་དག་ལས་ལན་འདེབས་དགོས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཞིབ་འཇུག་བྱ་གཞི་འབོར་ཆེན་བཏོན་ཡོད།
( པར་ངོས་བཞི་པར་གཟིགས།)