国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཐའ་མེད་པའི་མགུར།

ཆོས་ཉིད་དབྱིངས་སུ་བཞུགས་པ།།

དབྱངས་ཅན་ཟླ་བའི་རང་གཟུགས།།

ཚངས་དབྱངས་ངག་གི་འོད་ཟེར།།

འཁོར་འདས་གཉིས་སུ་འཕྲོས་པ།།

མཐའ་མེད་དབྱིངས་སུ་འཐིམ་པ།།

ཚངས་པའི་ངག་གི་དབྱངས་རེད།།

ཞེན་ཆགས་རྨི་ལམ་བརྩེགས་ས།།

ཞི་བའི་གཟུགས་མཛེས་གཡང་ཊི།།

དྲན་པ་མགུར་མའི་དབྱངས་ལ།།

གཟུགས་ཀྱི་ཟླ་བ་བཏགས་ནས།།

མཐའ་མེད་གཟུགས་ཀྱི་ནམ་མཁའ།།

དབྱངས་ཅན་ལྷ་མོར་སྒོམ་ཡོད།།

སྤྲིན་དཀར་ཡོམ་ཡོམ་འགུལ་ན།།

དབྱིངས་ཀྱི་སྨིན་དྲུག་མ་འགུལ།།

མཐའ་མེད་མགུར་མའི་བརྩེ་བ།།

སེམས་སུ་སྒོམ་པའི་རྟགས་ཡིན།།

ཞི་བའི་དབྱངས་ཀྱི་མགུར་མ།།

རྟོག་པའི་ཚོགས་ཀྱིས་བཞེངས་པ།།

ཚིག་གི་དཔྱིད་དཔལ་མཛེས་ས།།

ཚོར་བའི་ཐང་ཆེན་ཡིན་སྲིད།།

དབྱངས་ལ་ངག་གིས་བརྒྱན་པ།།

ཚངས་དབྱངས་ལྷ་མོ་ཡིན་སྲིད།།

གཟུགས་མཛེས་ཡིད་འོང་སྲིད་པ།།

གཞི་འཛིན་བདག་མོ་ཡིན་སྲིད།།

སེམས་ཉིད་ཉི་ཟླ་འཁྲེང་བཞིན།།

ཞེན་ཆགས་འབུམ་ཁྲག་བརྒལ་བ།།

མཐའ་མེད་མགུར་ལ་བཏགས་ནས།།

སེམས་ཀྱི་གཏད་སོ་མ་རྙེད།།

སྙན་ངག་དབྱངས་ཀྱི་རྟོགས་ཚོགས།།

འཁོར་འདས་གཉིས་སུ་བཏགས་པ།།

ཚོར་བའི་ཤུགས་རླུང་དྲག་པོས།།

མཐའ་མེད་རྒྱ་མཚོ་བརྒལ་སྲིད།།