སྟོང་ཆེན་ཉི་ཟླའི་དཀྱིལ་འཁོར་ནས།།
སྤྲིན་དཀར་དབྱངས་ཀྱི་ལྷ་མོ་བཞུགས།།
བྱིན་རླབས་གྲུ་ཆར་སེམས་སུ་བབས།།
སྙན་ངག་མེ་ཏོག་ས་གཞིར་འཐོར།།
བདག་ལ་འཁོར་བའི་ཁང་ཆུང་ཡོད།།
མཛེས་ཉམས་ཏིང་འཛིན་ལྷ་མོ་ཡོད།།
བརྩེ་བའི་མེ་ཏོག་འཁོར་བར་བཞད།།
བདག་སེམས་ཤེལ་དཀར་ཁྱེད་ལ་ཕྱོགས།།
སྲིད་པའི་མགུར་ཞིག་ངག་གིས་བླངས།།
སྙན་དབྱངས་ཡན་ལག་བརྒྱད་དང་ལྡན།།
ཚངས་དབྱངས་ངག་གི་དབྱངས་རྟ་འདིས།།
ལྷ་ཚོགས་སྤྱན་འདྲེན་གཤེགས་སུ་གསོལ།།
བདག་གི་ཚོར་བའི་བར་གསེང་ཁྲོད།།
དབྱངས་ཀྱི་ལྷ་མོའི་བརྩེ་སེམས་ཡོད།།
སྙན་ངག་ཚིག་གི་ངོ་གདོང་ནས།།
དགའ་སྐྱོ་གཉིས་ཀྱི་ཚོན་མདངས་ཡོད།།
སྐལ་བཟང་བཀྲ་ཤིས་ལྡིང་ཁང་ནས།།
སྣང་བའི་མེ་ཏོག་ཆུ་སྐྱེས་འཁྲུངས།།
འཁོར་བ་མག་མོག་ཞིང་དེ་ནས།།
སྙན་ངག་ཚིག་གི་ཕོ་བྲང་བཞེངས།།
སྲིད་པའི་དཀར་གསལ་ཟླ་བ་འདི།།
བདག་སྙིང་དབུས་སུ་དལ་གྱིས་ཤར།།
མ་བཅོས་སེམས་པའི་སྣང་ངོར་ལ།།
འོད་གསལ་ལྷ་མོ་ལྷོད་གྱིས་འཁོར།།
ལས་འཕྲོས་དར་སྐུད་མ་ཆད་བར།།
བརྩེ་སེམས་ཉི་ཟླ་ཟུང་གཅིག་འདྲ།།
ང་དང་བྱམས་པའི་བར་ཐག་ནི།།
དུངས་སེམས་ཚིག་གིས་སྦྲེལ་ནས་ཡོད།།