སྟོང་ཆེན་དབྱིངས་སུ་བརྒལ་བ།།
དྲན་པ་མགུར་མའི་གཤིས་རེད།།
དྲན་གདུང་དབྱངས་སུ་གྱེར་བ།།
ཟླ་བའི་སྙིང་དབུས་འཐིམ་ཡོད།།
ཆུ་འཛིན་ནམ་མཁར་འཁྱིལ་བ།།
མཚན་མོའི་ནོར་བུ་དྲན་བྱུང་།།
ཞེན་ཆགས་སྦྲང་རྩིའི་རྒྱལ་མཚན།།
དབྱིངས་ཀྱི་ཟླ་བར་འཁྲེན་སོང་།།
འདབ་བརྒྱད་པདྨའི་འཛུམ་ལ།།
སེམས་པའི་ཕྱི་ནང་ཆགས་ཡོད།།
ནམ་མཁའི་སྦྲང་ཆར་བསིལ་མ།།
བརྩེ་བའི་དངོས་གྲུབ་ཆགས་ཡོད།།
འཇའ་ཚོན་མཛེས་པའི་ངོ་ལ།།
ཟླ་བའི་ཞལ་འཛུམ་ཆགས་ཡོད།།
ཡིད་འཕྲོག་དབྱིངས་ཀྱི་ཟླ་བ།།
སེམས་པའི་ཀློང་དུ་བཞུགས་ཡོད།།
ཟབ་པ་རྒྱ་མཚོའི་གཏིང་ལ།།
བརྩེ་བའི་ཨ་ལོང་ཆགས་ཡོད།།
འགྱུར་མེད་རྡོ་རྗེ་བྲག་རི།།
དུང་བའི་སྲོག་ཤིང་མཚོན་ཡོད།།
མཐའ་མེད་དབྱིངས་ཀྱི་སྟོང་ཆེན།།
སེམས་པ་སེམས་ཉིད་འདྲེས་ས།།
འཛད་མེད་གཙང་ཆུ་རིང་མོ།།
རྣམ་དག་སེམས་པ་མཚོན་ཡོད།།
ཟླ་བ་ནམ་མཁར་མ་ཆགས།།
སེམས་ཀྱི་གཤིས་ལ་ཆགས་ཡོད།།
ཟླ་བ་སྤྲིན་གྱིས་མ་གཡོགས།།
དུང་བའི་དབྱངས་ཀྱི་རྒྱན་ཡོད།།
