国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཏང་གི་ལོ་རྒྱུས་ཕྱོགས་སྡོམ་དང་སློབ་སྦྱོང་སློབ་གསོ་དྲིལ་བསྒྲགས་བཅས་མུ་མཐུད་ནས་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཉམས་མྱོང་ལ་བློ་གདེང་དང་བཀོལ་སྤྱོད་དེ་བས་ཡག་པོ་བྱ་དགོས་ཞེས་ནན་གསུང་གནང་།

( པར་ངོས་དང་པོར་མཐུད།)ང་ཚོས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་བློ་གདེང་གནད་འཁེལ་བྱས་ནས་འགྲོ་བ་མི་འཕེལ་རྒྱས་གཏོང་བའི་མདུན་གྲལ་དུ་ལངས་ཕོད་པ་བྱས་ཏེ། མི་དམངས་ཀྱི་རེ་འབོད་ཉན་པ་དང་། དགོས་མཁོ་དངོས་ལ་ལན་འདེབས་པ། བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དྲང་སྲུང་གསར་གཏོད་བཅས་མཐའ་འཁྱོངས་བྱས་ནས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་དང་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་རྒྱུ་དེ་བས་ལེགས་པའི་སྒོ་ནས་གཅིག་གྱུར། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བཅས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལམ་བུ་ལས་ང་ཚོས་ཤེས་གསལ། ཏང་དང་མི་དམངས་ཀྱི་བྱ་གཞག་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཐུབ་མིན་དེ་ང་ཚོས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་ངོས་འཛིན་ཡང་དག་དང་བློ་གདེང་ཡང་དག་བྱེད་ཐུབ་མིན་དང་ལས་འགན་གཙོ་བོ་གཏན་འཁེལ་བྱེད་ཐུབ་མིན་ལ་རག་ལས་ཡོད། ག་དུས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་ལས་འགན་གཙོ་བོར་བརྡར་ཤ་ཡང་དག་གཅོད་ཐུབ་ཚེ། དེ་དུས་ཏང་དང་མི་དམངས་ཀྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་འགྲོ་ཐུབ། དེ་ལས་ལྡོག་ཚེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་བར་ཆད་འཕྲད་རྒྱུ་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་ཏང་གིས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་ལྟེ་བའི་ལས་འགན་དམ་འཛིན་བྱེད་མཁས་པོ་བྱས་ཏེ་སྤྱི་ཡོངས་ཀྱི་ལས་དོན་ལ་སྣེ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཡོད། ཏང་གིས་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལམ་བུའི་ཁྲོད་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་ལྟེ་བའི་ལས་འགན་ཞིབ་འཇུག་དང་ཁོང་དུ་ཆུད་པར་དབྱེ་ཞིབ་དང་ཕྱོགས་སྡོམ་བྱ་རྒྱུར་མཐོང་ཆེན་བྱས་ཡོད། འདི་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱི་མགོ་ནས་མཇུག་བར་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་དགོས། རྙོག་འཛིང་ཆེ་བའི་དུས་བབ་དང་། རྙོག་འཛིང་ཆེ་བའི་འགལ་ཟླ། ལྗིད་རྫོབ་ཆེ་བའི་ལས་འགན་བཅས་ཀྱི་མདུན་དུ་གཙོ་ཕལ་མེད་པ་དང་དབྱེ་བ་མ་ཕྱེ་བ། ཉ་ཉུང་མཉམ་བསྲེས་བཅས་བྱས་ཚེ་ལས་དོན་ཡག་པོ་བསྒྲུབ་མི་ཐུབ། ང་ཚོར་སྤྱི་ཡོངས་ཀྱི་ལྟ་བ་ཡོད་དགོས། འགལ་ཟླ་སྣ་ཚོགས་ཁོང་དུ་ཆུད་པ་དང་ཆབས་ཅིག་འགལ་ཟླ་གཙོ་བོ་དང་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོ་སྔོན་ལ་ཐག་གཅོད་བྱེད་པའི་ཐོག་ནས་འགལ་ཟླ་གཞན་ཐག་གཅོད་བྱ་རྒྱུར་སྣེ་ཁྲིད་དང་། ཕྱོགས་ཡོངས་སྐུལ་འདེད་གཏོང་བའི་ཁྲོད་གཙོ་གནད་ཚད་བརྒལ་ཡོང་བ་བྱས་ནས་གཙོ་གནད་ཚད་བརྒལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ཡར་རྒྱས་ཡོང་བར་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་འབད་འཐབ་དམིགས་ཡུལ་གྱི་ཕྱོགས་སུ་ཟམ་མི་ཆད་པར་མདུན་སྐྱོད་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ཇུས་ཀྱི་གནད་དོན་ནི་སྲིད་ཏང་ཞིག་དང་རྒྱལ་ཁབ་ཅིག་གི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད། འཐབ་ཇུས་ཐད་བརྡར་ཤ་ཡང་དག་གཅོད་ཐུབ་པ་དང་། འཐབ་ཇུས་ཐད་ཇུས་འགོད་ཚན་རིག་དང་མཐུན་པ། འཐབ་ཇུས་ཐད་རང་འགུལ་བྱེད་ཐུབ་པ་བཅས་བྱུང་ན་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རེ་བ་ཆེན་པོ་ཡོད། ལོ་བརྒྱའི་རིང་ཏང་གིས་ག་དུས་ཡིན་རུང་ལོ་རྒྱུས་ཀྱི་འགག་རྩ་གལ་ཆེན་སྐབས་སུ། འཕྲད་པའི་ལོ་རྒྱུས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་འཐབ་ཇུས་ཐོག་ནས་ངོས་འཛིན་དང་། དབྱེ་ཞིབ། བརྡར་གཅོད་བཅས་བྱེད་ཐུབ་པ་དང་ཡང་དག་པའི་ཆབ་སྲིད་ཀྱི་འཐབ་ཇུས་ཀྱི་ཇུས་བཀོད་བྱེད་ཐུབ་པ་དེ་ནི་ཏང་གིས་ཉམས་ཉེན་དང་འགྲན་སློང་གྲངས་མེད་ལས་རྣམ་པར་རྒྱལ་བ་དང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་པའི་འགན་ལེན་ནུས་ལྡན་ཞིག་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལམ་བུའི་ཁྲོད་ཏང་གིས་འཐབ་ཇུས་ཇུས་བཀོད་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཚན་རིག་དང་མཐུན་པའི་འཐབ་ཇུས་ཇུས་བཀོད་ཟམ་མི་ཆད་པར་བཏོན་པར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཡོད། ཏང་གིས་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལམ་བུའི་ཁྲོད་འཐབ་ཇུས་ཇུས་བཀོད་ལ་ཞིབ་འཇུག་དང་ཁོང་དུ་ཆུད་པར་དབྱེ་ཞིབ་དང་ཕྱོགས་སྡོམ་བྱ་རྒྱུར་མཐོང་ཆེན་བྱས་ཡོད། འདི་ནི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱི་མགོ་ནས་མཇུག་བར་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་དགོས། འཐབ་ཇུས་ནི་སྤྱི་ཡོངས་དང་། ཕུགས་ཕན། དུས་བབ་ཆེན་པོ་བཅས་ནས་བརྡར་ཤ་གཅོད་པ་དང་ཇུས་ཐག་བཅད་པ་ཞིག་ཡིན། ང་ཚོ་ནི་ཏང་ཆེན་པོ་ཞིག་དང་། མགོ་ཁྲིད་བྱ་ཡུལ་ནི་རྒྱལ་ཁབ་ཆེན་པོ་ཞིག སྒྲུབ་པར་བྱེད་པ་ནི་བྱ་གཞག་རླབས་པོ་ཆེ་ཞིག་བཅས་ཡིན་པས། འཐབ་ཇུས་ཀྱི་བསམ་གཞིག་བྱེད་མཁས་པོ་དང་། འཐབ་ཇུས་ཀྱི་ཐད་ནས་གནད་དོན་ལ་ལྟ་བ་དང་གནད་དོན་ལ་བསམ་བློ་གཏོང་མཁས་པོ་བྱ་དགོས། ཡང་དག་པའི་འཐབ་ཇུས་ནི་ཡང་དག་པའི་ཐབས་ཇུས་ལ་བརྟེན་ནས་དོན་འཁྱོལ་བྱེད་དགོས། ཐབས་ཇུས་ནི་འཐབ་ཇུས་ཀྱི་མཛུབ་ཁྲིད་འོག་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་ཞིག་རེད། འཐབ་ཇུས་དང་ཐབས་ཇུས་ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཡིན་པས། འཐབ་ཇུས་ཀྱི་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་དང་ཐབས་ཇུས་ཀྱི་སྟབས་བསྟུན་རང་བཞིན་ཟུང་འབྲེལ་བྱ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་དོན་གྱི་བསམ་ཕྱོགས་དང་། ལས་དོན་བཀོད་སྒྲིག། སྲིད་ཇུས་བྱེད་ཐབས་བཅས་གཏན་འཁེལ་བྱེད་སྐབས། རང་རྟོགས་ངང་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཀྱི་ཚད་གཞི་དང་ཡང་ཡང་སྡུར་བ་དང་དུས་ཐོག་ཏུ་ཡོ་བསྲངས་ཏེ་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་ཇུས་ངེས་པར་དུ་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ལག་བསྟར་བྱས་ཏེ། ཁ་ཕྱོགས་མི་འཛོལ་བ་དང་། སྟབས་བདེ་སླ་བཅོས་མི་བྱེད་པ། རྣམ་པ་མི་འགྱུར་བ་བཅས་འགན་ལེན་བྱ་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཏང་གིས་མི་དམངས་ལ་མགོ་ཁྲིད་ནས་གྲུབ་འབྲས་རླབས་པོ་ཆེ་ཡང་ནས་ཡང་དུ་བླངས་པ་དང་། དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་བ། བསྲེགས་བཅད་བརྡར་གསུམ་བྱས་རུང་སྔར་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ལ་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་ཡོད། དེའི་རྒྱུ་མཚན་ནི་ཏང་གིས་རང་ངོས་ལ་གནས་པའི་གནད་དོན་ལ་ཐད་ཀར་ཁ་གཏད་གཅོག་ཕོད་པ་དང་། རང་ངོས་གསར་བརྗེ་བྱེད་ཕོད་པ། ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས། གསར་གཏོད་བྱེད་ནུས་དང་གོང་བུ་འགྲིལ་ནུས། འཐབ་རྩོད་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། མར་ཁེ་སི་རིང་ལུགས་སྲིད་ཏང་གི་རང་གཤིས་ནམ་ཡང་གནས་པར་བྱས་པས་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་རང་ངོས་གསར་བརྗེར་ཟམ་མི་ཆད་པར་སྐུལ་འདེད་བཏང་བར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཡོད། ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་རང་ངོས་གསར་བརྗེར་ཞིབ་འཇུག་དང་སྟངས་འཛིན་བྱས་པར་དབྱེ་ཞིབ་དང་ཕྱོགས་སྡོམ་ལ་མཐོང་ཆེན་བྱས་པ་འདི་ནི། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ལ་ཁྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་དགོས། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག། ཏང་གི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་རང་བཞིན་ནམ་ཡང་གནས་པ་བྱེད་པར་འགག་རྩ་གང་ལྟར་རང་རེའི་ཏང་རང་ཉིད་ལ་ཐུག་ཡོད། སུའི་ཆེད་དུ་སྲིད་སྐྱོང་བ་དང་། སུའི་ཆེད་དུ་དབང་ཆ་སྤྱོད་པ། སུའི་ཆེད་དུ་ཁེ་ཕན་དོན་གཉེར་བཅས་ཀྱི་རྩ་བའི་གནད་དོན་འདིའི་ཐད། ང་ཚོས་རིག་པ་དེ་བས་དྭངས་གསལ་དང་ལངས་ཕྱོགས་དེ་བས་བརྟན་པོ་བྱ་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་རྩ་བའི་སྤྱོད་ཚུལ་རྟོགས་པ་དང་། སྤྱི་པའི་སྤྱོད་ཚུལ་སྲུང་བ། སྒེར་གྱི་སྤྱོད་ཚུལ་ནན་པ། སྐྱེ་བོ་ཚུལ་ལྡན་བྱེད་པ། བྱ་བ་གཙང་མར་སྒྲུབ་པ། རང་གཅུན་སྤྱི་གཅེས་དང་། གྲོན་ཆུང་བློ་སྦྱོང་བཅས་བྱས་ནས། གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་གནས་པར་བྱ་དགོས། རང་ངོས་གསར་བརྗེར་འགག་རྩ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་གྲི་དངོ་ནང་གཏད་ཀྱི་བློ་སྟོབས་ཡོད་དགོས། ད་ཆ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཕྱོགས་ཡོངས་ནས་བརྟན་པོ་བྱུང་ཡོད་མོད། འོན་ཀྱང་ཏང་ཡོངས་ཀྱི་བློ་མཐུན་ཚོས་རང་ངོས་གསར་བརྗེའི་སྙིང་སྟོབས་ནམ་ཡང་མི་ཉམས་པར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནམ་ཡང་ཚར་དུས་མེད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས་པ་ལས། ནན་དྲགས་པའི་སུན་སྣང་གི་བསམ་ཚུལ་གཏན་ནས་སྐྱེ་མི་རུང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནམ་ཡང་ཚར་དུས་མེད་པས། དུས་ཚོད་སྐར་ཆ་ཙམ་ཡང་ལྷོད་གཡེང་མི་གཏོང་བར་བྱས་པའི་རྗེས་དང་དྲུད་པའི་ཤུལ་ཡོད་པའི་བློ་བརྟན་འགྱུར་མེད་དང་སྙིང་རུས་ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་མུ་མཐུད་ནས་ཡག་པོ་བརྒྱག་དགོས། སུ་ཞིག་ལ་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཐད་གནད་དོན་ཐོན་ཚེ་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་ཐར་པ་གཏན་ནས་གཏོང་མི་རུང་།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱིས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ཏང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་མཐོང་ཆེན་བྱས་པར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། ཏང་ཡོངས་ཀྱིས་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་བྱས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཁྲོད་ནས་སྔོན་མ་ང་ཚོར་ལམ་ལྷོངས་བྱུང་དོན་གང་ཡིན་པ་གསལ་པོ་མཐོང་ཐུབ་པ་དང་། འབྱུང་འགྱུར་ང་ཚོས་ཇི་ལྟར་བྱས་ན་གཞི་ནས་མུ་མཐུད་ལམ་ལྷོངས་ཡོང་བ་གསལ་པོ་ཤེས་ཏེ། དེ་བས་བློ་བརྟན་འགྱུར་མེད་དང་དེ་བས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་ལས་འགན་ལག་བསྟར་བྱས་ཏེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་བས་ལེགས་པའི་སྒོ་ནས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་བྱས་ཡོད། འདི་ནི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ང་ཚོས་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱ་དགོས། ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་ལས་ང་ཚོས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་ངོས་འཛིན་གསར་པ་བྱུང་བ་མཚོན་ཡོད། དེའི་ཐད་དེ་བས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་དེ་བས་ལེགས་པའི་སྒོ་ནས་ངོས་འཛིན་དང་སྟངས་འཛིན་བྱེད་པར་ཕན་ཐོགས་ཡོད། ཐེངས་འདིའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལམ་ལྷོངས་བྱུང་བའི་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱས་ནས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་བཙུགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། ཏང་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཙོ་གནད་དུ་འཛིན་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བ། ལོ་རྒྱུས་སྦྱངས་ ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ ནས་ལག་ལེན་ནན་བསྟར་བཅས་སྔར་བས་ཐུབ་པར་བྱེད་པ། ཏང་ཡོངས་ཀྱི་བློ་མཐུན་ཚོར་ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་དེ་བས་ལེགས་པ་སྤྲས་ནས་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་ཐབས་ཇུས་བཀོད་སྒྲིག་གི་ལས་འགན་ཁག་དོན་འཁྱོལ་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཇི་མ་ཇི་བཞིན་དུ་སྦྱངས་ནས་ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་གོ་བ་ལོན་པ་དང་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བའི་སྙིང་རུས་ཀྱི་འབད་འཐབ་ལ་གོ་བ་ལོན་པ་དང་ཁོང་དུ་ཆུད་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གོ་བ་ལོན་པ་དང་ཁོང་དུ་ཆུད་པ། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་གསར་གཏོད་ཀྱི་བླང་བྱ་གལ་ཆེན་ལ་གོ་བ་ལོན་པ་དང་ཁོང་དུ་ཆུད་པ་བཅས་བྱ་དགོས། ཏང་ཨུའི(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་ལམ་ལུགས་ཡག་པོ་སྤྱད་དེ་མགོ་ཁྲིད་ཚོགས་པ་དང་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་རྒྱུན་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏང་དགོས། ལས་བྱེད་པའི་སློབ་གསོ་གསོ་སྐྱོང་ལམ་སྲོལ་ཡག་པོ་སྤྱད་དེ། ཏང་གི་ལོ་རྒྱུས་ཏང་གི་སློབ་གྲྭ (སྲིད་འཛིན་སློབ་གླིང)དང་། ལས་བྱེད་པའི་སློབ་གླིང་གི་ངེས་སྦྱོང་སློབ་ཚན། རྒྱུན་སྦྱོང་སློབ་ཚན་བཅས་སུ་མུ་མཐུད་ནས་བརྩི་དགོས། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ཐབས་ལམ་ཡག་པོ་སྤྱད་དེ་ཏང་གི་ལོ་རྒྱུས་དེ་བས་ལེགས་པའི་སྒོ་ནས་བསླབ་གཞིར་འགོད་པ་དང་། སློབ་ཚན་དུ་འཁྲིད་པ། བསམ་བློར་ཟུག་པ་བཅས་ལ་སྐུལ་འདེད་བཏང་ནས་ཏང་གི་ལོ་རྒྱུས་ལ་བརྟེན་ནས་སྤྱོད་བཟང་མི་སྐྱོང་གི་ནུས་པ་གལ་ཆེན་ཡག་པོ་འདོན་དགོས། གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། དེ་བས་ལེགས་པའི་སྒོ་ནས་ལོ་རྒྱུས་ཤེས་རྟོགས་བྱས་ཏེ་ཏང་ལ་དགའ་ཞེན་དང་ལོ་རྒྱུས་ཤེས་རྟོགས་བྱས་ཏེ་རྒྱལ་ཁབ་ལ་དགའ་ཞེན་བྱེད་པར་སྣེ་ཁྲིད་བྱ་དགོས། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་རིང་གྲུབ་པའི་ལམ་སྲོལ་བཟང་པོ་ཡག་པོ་སྤྱོད་པ་དང་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྲོ་སེམས་ཆེན་པོས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་དགོས།

ལི་ཁེ་ཆང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་ལྟེ་བའི་ལས་འགན་ཁོང་དུ་ཡང་དག་ཆུད་པ། འཐབ་ཇུས་བཀོད་ཇུས་ཀྱི་གནད་དོན་ལ་མཐོང་ཆེན། ཏང་གི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་རང་གཤིས་ནམ་ཡང་གནས་པར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་བཅས་ཀྱི་གནད་དོན་ལྔ་ལ་རྒྱས་བཤད་གཏིང་ཟབ་གནང་བར་མ་ཟད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ཞིབ་ཀློག་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་དེ་བས་ལེགས་པའི་སྒོ་ནས་ཁོང་དུ་ཆུད་པ་དང་སྤྱོད་པ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཏང་གི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱ་དགོས་པའི་ནན་བཤད་གནང་བར་ཆབ་སྲིད་ཀྱི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་ལ། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་དང་། “འདུ་ཤེས་བཞི”སྔར་བས་ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱེད་པར་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་པ་རེད། བསམ་བློ་དང་བྱ་སྤྱོད་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། དངོས་འཛིན་དངོས་སྒྲུབ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།།

( མི་དམངས་དྲ་བ་ནས་དྲངས། )