སྤྱིར་འཛམ་གླིང་གི་དམངས་སྲོལ་ཞིབ་འཇུག་པ་མང་པོ་ཞིག་གིས་དམངས་དང་སྲོལ་གཉིས་ལས་སྲོལ་གཙོ་བོ་བྱས་ཏེ་བརྗོད་བཞིན་ཡོད་མོད། སྲོལ་ནི་གཞི་གང་ཞིག་ཡིན་པ་རྟོགས་ཕྱིར་དམངས་ཀྱང་ངེས་དགོས་པ་ཡིན་ལ། དེ་ཡང་དམངས་སྲོལ་གྱི་སྲོལ་ནི་གཞུང་ལུགས་ཤིག་གི་ཆ་ནས་གོ་བ་མི་ལེན་པར་རང་རིགས་ཀྱི་དམངས་ཁྲོད་ཀྱི་གོ་བ་ལེན་སྲོལ་ལྟར་མི་ག་གེ་མོ་ཞིག་གི་འགྲོ་སྲོལ་དང་། འདུག་སྲོལ་བཤད་སྲོལ་ཟ་སྲོལ་འཐུང་སྲོལ་ལས་སྲོལ་ཞེས་གོ་ན། དེ་ནི་མི་གཅིག་གི་འགྲོ་འདུག་ཉལ་འཆག་དང་། དེའང་རང་གཤིས་སམ་གོམས་སྲོལ་ཁོ་ན་རུ་འགྱུར་ཕྱིན། དམངས་སྲོལ་རིག་པའི་སྲོལ་དང་འགལ་བ་ལྟག་སྤྲོད་དུ་སོང་འདུག། དམངས་སྲོལ་རིག་པས་མི་སྒེར་གཏན་ནས་ཁེ་མི་ལེན་པ་མིན་མོད། སྐབས་འདིར་བརྗོད་པ་ནི་མི་སྒེར་རེ་རེ་ནས་གྲུབ་པའི་ཚོགས་པ་ཞིག་གི་ཐུན་མོང་གི་སྲོལ་གླེང་བཞིན་ཡོད་པས་དེ་གཉིས་བསྲེས་མི་རུང་། གལ་ཏེ་བསྲེས་ན་དམངས་སྲོལ་རིག་པའི་ཁྱད་ཆོས་དང་འགལ་བར་མ་ཟད། གཞུང་ལུགས་ཀྱི་ཆ་ནས་ཀྱང་བཞད་གད་ཀྱི་གནས་སུ་འགྱུར་སྲིད་དོ། །
༼ ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་སུམ་བརྒྱ་སོ་གསུམ་པའི་པར་ངོས་གཉིས་པའི་འཕྲོར་མཐུད།༽
དེ་ནས་བྱེ་བྲག་གི་ཆོ་ག་སྟེ། སྒྲོལ་མའི་ཆར་ཕུབ་ལྟ་བུར་མཚོན་ན། ཏཱ་རེའི་སྔགས་ཟློ་བཞིན་དུ་ཀླུ་གནས་ངེས་པའི་ཆུ་མིག་གི་དྲུང་དུ་ཕྱིན། ཀླུ་མི་འབྲོས་པའི་ཕྱིར་དུ་སྒྲོལ་མར་བསྐྱེད། དེ་ཡང་ཆུ་མིག་གི་མགོར་སྟེགས་བུ་གཙང་མ་དྲི་བཟང་དང་། ཀླུ་སྨན་གྱིས་བྱུགས་པའི་སྟེང་དུ་རྡུལ་ཚོན་དཀར་པོ་སོགས་ཀྱི་པདྨ་འདབ་བརྒྱད་མུ་ཁྱུད་ལྟེ་བ་དང་བཅས་པ་འབྲི་བའམ། ཡང་ན་དར་རས་དཀར་པོ་ལ་པདྨ་འདབ་བརྒྱད་བྲིས་ཡོད་པ་དེ་སྟེགས་བུའི་སྟེང་དུ་བཞག་པ་ཙམ་གྱིས་ཀྱང་འཐུས་ཤིང་། དེའི་ལྟེ་བར་བུམ་པ་བཟང་པོ་མགུལ་ཆིངས་ཁ་རྒྱན་དང་བཅས་པའི་ནང་དྲི་བཟང་གི་ཆུས་སུམ་གཉིས་བཀང་བ་བཤམས། པདྨ་འདབ་བརྒྱད་ལ་ཀླུ་བརྒྱད་ཀྱི་གཟུགས་འབྲི་མར་རམ། བག་ཕྱེ་ལས་བཟོས་པ་བུམ་པ་ལ་ཕྱོགས་པར་བཀྲམས། དེ་དག་གི་མཐའ་སྐོར་དུ་རྩི་ཤིང་དང་མེ་ཏོག་དུག་རིགས་མེད་པ་སྣ་ཚོགས་ཀྱིས་བསྐོར། སྟེང་དུ་དར་སྔོན་གྱིས་གུར་ཕུབ། མཐའ་སྐོར་དུ་སྒྲོལ་མའི་མཆོད་གཏོར། ཀླུ་ཆེན་བརྒྱད་ལ་དཀར་གཏོད་བརྒྱད། ཀླུའི་མཆོད་པ། གཞི་བདག་གཏོར་མ། ཆ་གསུམ་གཏོར་མ་སོགས་དང་། གཞན་ཡང་ཟོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་བཤམས། སྒྲུབ་པ་པོ་སྟན་བདེ་བར་འཁོད་ནས་བགེགས་ཞི་བའི་ཕྱིར་དུ་ཆ་གསུམ་དང་། གཞི་བདག་གཏོར་རྣམས་སྤྱི་ལྟར་བཏང་སྟེ། སྔོན་འགྲོའི་རིམ་པ་ཕུན་སུམ་ཚོགས་པ་བྱས་རྗེས། དངོས་གཞིའི་རིམ་པ་སྒྲུབ་པར་བྱེད་པ་སྟེ། དེའི་ལས་ཀྱི་གཙོ་བོ་ནི་རྗེ་བཙུན་འཕགས་མ་སྒྲོལ་མ་དང་། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཉེས་པའི་བདུག་སྤོས་དང་། མེ་ཏོག་དང་། མར་མེ་ལ་སོགས་པའི་མཆོད་པ་རྒྱ་ཆེན་ཕུལ་བ་དང་། དེའི་མུར་སྒྲུབ་པ་པོའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པ་བསྒོམས་ཏེ་རང་བཞིན་གྱི་གནས་ལས་རྗེ་བཙུན་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། སྤྱན་དྲངས་ནས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པར་བྱེད། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོ་ལ་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་སྟེ། ཡི་གེ་བཅུ་པ་བརྒྱ་རྩ་བཟླས། དེ་ནས། རྗེ་བཙུན་འཕགས་མ་སྒྲོལ་མ་ཡི།། ཕྱག་ནས་བབས་པའི་འོ་རྒྱན་གྱིས།། ཀླུ་རྣམས་དག་པར་བགྱིས་པའི་མཐུས།། རྒྱུད་ཀྱི་ཉོན་མོངས་ཀུན་ཞི་ནས།། སངས་རྒྱས་བསྟན་ལ་འདུན་གྱུར་ཅིག། བདག་ཅག་འཁོར་དང་བཅས་པ་ཡིས།། སྤྱོད་ལམ་བྱ་བ་མི་མཁས་པས།། ཕོག་ཐུག་ཉམས་ཆག་ཅི་མཆིས་པ།། དེ་དག་ཐམས་ཅད་དག་གྱུར་ཅིག། འཇིག་རྟེན་ཁམས་རྣམས་ཀུན་ཏུ་ཡང་།། ཆར་ཆུ་དུས་སུ་འབབ་པ་དང་།། རྩི་ཤིང་ལོ་ཏོག་རབ་རྒྱས་ཤིང་།། ཀླུ་ནད་གདུག་པ་ཞི་གྱུར་ཅིག། དཀོན་མཆོག་གསུམ་གྱི་བདེན་པ་དང་།། རྗེ་བཙུན་འཕགས་མའི་ཐུགས་རྗེ་ལས།། ཇི་ལྟར་བསམ་པ་འགྲུབ་གྱུར་ཅིག། ཆར་ཆུ་རྒྱ་ཆེན་འབེབ་པར་ཤོག། ཅེས་ཆུ་མིག་གང་དེར་གནས་པའི་ཀླུ་རྣམས་ཀྱིས་སངས་རྒྱས་བསྟན་པའི་དགོངས་དོན་ལྟར། རྒྱུད་ཀྱི་ཉོན་མོངས་ཀུན་ཞི་ནས་སེམས་ཅན་ཀྱི་དོན་ཆེན་པོ་ཆར་ཆུ་འབེབ་པར་སྐུལ་སྨོན་གསལ་དག་ཅིག་བརྗོད་དེ། སླར་ཡང་སྟེགས་ཀྱི་ཁར་མཆོད་པ་ཉེར་སྤྱད་སོགས་འོག་ནས་འབྱུང་བ་རྣམས་བཤམས་ཤིང་ངག་ནས་དབྱངས་རྟ་མཐོན་པོས། སྣང་སྟོང་ཡེ་ཤེས་རང་སྣང་ངང་ཉིད་ལས།། ཀླུ་རྣམས་དགྱེས་པ་བསྐྱེད་པའི་མཆོད་པའི་ཚོགས།། རང་རང་ཇི་ལྟར་འདོད་པ་ཐོབ་གྱུར་ཅིག། ཆུ་དང་ཐང་སྐྱེས་མེ་ཏོག་ལ་སོགས་རྣམས།། ཀླུ་ཆེན་བརྒྱད་ཀྱི་ཤངས་ལ་དབུལ་བར་བྱ།།དྲི་ཞིམ་སྤོས་ཀྱི་དུད་སྤྲིན་འཁྲིགས་པ་འདི།། ཀླུ་ཆེན་བརྒྱད་ཀྱི་ཤངས་ལ་དབུལ་བར་འདྲ།།འབྲུ་མར་རྩི་དམར་ཉི་ཟླ་ནོར་བུའི་འོད།། ཀླུ་ཆེན་བརྒྱད་ཀྱི་སྤྱན་ལ་དབུལ་བར་བྱ།། དྲི་མཆོག་ཚོགས་སྦྱོར་བྱུགས་པའི་རྫས་མཆོག་འདི།། ཀླུ་ཆེན་བརྒྱད་ཀྱི་ཐུགས་ལ་དབུལ་བར་མ།། བཟའ་བཅའ་ལྷ་ཡི་ཞལ་ཟས་དམ་པ་འདི།། ཀླུ་ཆེན་བརྒྱད་ཀྱི་ལྗགས་ལ་དབུལ་བར་བྱ།། གླིང་བུ་སིལ་སྙན་ལྷ་ཡི་རོལ་མོའི་སྒྲ།། ཀླུ་ཆེན་བརྒྱད་ཀྱི་སྙན་ལ་དབུལ་བར་བྱ།། རབ་མཛེས་གཟུགས་དང་དབྱངས་སྙན་བཟང་པོའི་དྲི།། རོ་བརྒྱའི་ཞལ་ཟས་འཇམ་མཉེན་ན་བཟའ་བཅས།། འདོད་པའི་ཡོན་ཏན་རྣམས་ལྔ་དབུལ་བར་བྱ།། རྩིབས་སྟོང་ལྡན་པའི་གསེར་གྱི་འཁོར་ལོ་དང་།། དགོས་འདོད་ཀུན་འབྱུང་ནོར་བུ་རིན་པོ་ཆེ།། འཇོ་སྒེག་མཚར་སྡུག་བུད་མེད་རིན་ཆེན་དང་།། ཐབས་མཁས་རྒྱུད་དྲང་བློན་པོ་རིན་པོ་ཆེ།། སྟོབས་ཆེན་ཐེག་མཆོག་ཐལ་དཀར་གླང་པོ་དང་། སྟོང་གསུམ་སྐད་ཅིག་མྱུལ་བའི་ཅང་ཤེས་མཆོག། གཡུལ་ལས་རྣམ་པར་རྒྱལ་བའི་དམག་དཔོན་བཅས།། ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས་ལ་འབུལ།། ནགས་ཚལ་རལ་གྲི་ཁང་བཟང་མལ་ཆ་དང་།། པགས་པ་མཆིག་ལྷམ་བསྲུང་བར་རིན་ཆེན་བདུན།། ཇི་ལྟར་དགྱེས་པ་ཀླུ་ཆེན་རྣམས་ལ་འབུལ།། ཉམས་གསོ་སྨན་དང་འབྲུ་སྣ་ཤིང་ཏོག་རིགས།། དཀར་གསུམ་མངར་གསུམ་བཟའ་བཅའི་མཆོད་པ་དང་།། བཟའ་ཤིང་ར་བ་ལ་སོགས་མཆོད་པའི་སྤྲིན།། ཀླུ་ཆེན་འཁོར་བཅས་དགྱེས་པ་བསྐྱེད་ཕྱིར་འབུལ།། རྟ་མཆོག་མ་ཧེ་སྒོ་ནོར་འདབས་ཆགས་དང་།།སྤུ་སྡུག་རི་དྭགས་ལ་སོགས་སྲོག་ཆགས་ཚོགས།། ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས་ལ་འབུལ།། ཞེས་བརྗོད་ཅིང་། རང་སྒྲུབ་གྲོགས་དང་བཅས་པས་ཀླུ་གཏོར་གང་མང་གཏོང་བ་ན་ཀླུ་བརྒྱད་ཀྱིས་ཀྱང་ལུས་སྤྲུགས་པས་ལུས་ཀྱི་ཆ་ཐམས་ཅད་ལས་ཆར་གྱི་རྒྱུན་ཆེན་པོ་འབེབ་པར་འགྱུར་སྐད། གལ་ཏེ། དེས་ཀྱང་མ་བབས་ན། བུམ་པའི་ནང་དུ་སྒྲོལ་མ་བསྐྱེད་ནས་བུམ་པ་ཆུ་མིག་གི་དྲུང་དུ་རོལ་མོ་དང་བཅས་སྤྱན་དྲངས། རྗེ་བཙུན་སྒྲོལ་མར་གསོལ་བ་བཏབ་པས་ཐུགས་ཀ་ནས་འོད་ཀྱི་སྦུ་གུ་རྩ་བ་རྡུལ་ཕྲ་རབ་ཁྱུང་གི་རྣམ་པ་ཅན་དུ་སོང་བ་ཀླུ་རྣམས་ཀྱི་ཁོང་བའི་ནང་དུ་ཞུགས། ཁྱུང་རྣམས་གཤོག་པ་གཡབ་རྡེབ་དྲག་ཏུ་བྱས་པས་རང་དབང་མེད་པར་ཀླུ་རྣམས་ཀྱིས་ཆར་འབེབ་ཅིང་སྤྲིན་སྡུད་པར་གྱུར་པར་བསམས་ལ། དེས་ཀྱང་
མ་བབས་ན་ནག་པོ་རྫས་ཀྱི་སྦྱོར་བ་སྟེ། ཨ་རུ། གླ་རྩི། ཤུ་དག་ནག་པོ། གུ་གུལ། སྨན་ཆེན། མཛེ་ཤ། གྲི་ཤ། གཙོ་ཁྲག མུ་ཟུ་ནག་པོ་རྣམས་སྨྱུག་སྦུབས་ཤིག་ཏུ་བླུགས། ཁ་ནས་རྫས་མི་འཆོར་བར་དམ་པོར་བཅད། དེ་ཉིད་མདུན་དུ་བཞག་རྗེས་བྱ་ཁྱུང་ནག་པོ་འཇིགས་སུ་རུང་བ། སྟོད་མིའི་རྣམ་པ་ལ་རྐང་པ་བྱའི་སྡེར་མོ་ཅན་རྡོ་རྗེའི་གཤོག་པ་དང་ལྡན་པ་བ་སྤུའི་བུ་ག་ཐམས་ཅད་ནས་གནམ་ལྕགས་ཀྱི་ཐོག་དང་སེར་བ་འབེབ་པ་དང་། གསེར་མིག་འཁྱུལ་བ་ནམ་མཁར་ལྟ་བ།རྡོ་རྗེའི་རྭ་དང་མཆུ་འཕྱང་བ་ཀླུའི་སྟེང་དུ་ཆས་ཤིང་རྔམ་པར་གྱུར་པའི་གླུད་གཏོར་བགྱི། བུམ་པའི་ནང་གི་རྗེ་བཙུན་མའི་ཐུགས་ཀར་སྟོན་པ་ཆེན་པོ་གསེར་མདོག་བདུད་འདུལ་གྱི་ཕྱག་རྒྱ་ཅན་དང་། དེའི་ཐུགས་ཀར་གསང་བདག་གི་ཐང་ག་བཞུགས་པའི་བདག་ཉིད་དུ་གྱུར་བསམས་ཏེ། སྒྲོལ་མ་དང་སྟོན་པ་གསང་བདག་སོགས་ལ་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་ཐུགས་ཀ་ནས་འོད་ཟེར་འཕྲོ། ལྕང་ལོ་ཅན་ནས་གསང་བདག་ལ་སོགས་ཁྱུང་གི་རྣམ་པར་སྤྱན་དྲངས་ནས། མདུན་གྱི་ཁྱུང་ལ་འཐིམས་པར་གྱུར་པར་བསམས་ལ་མཆོད་ཅིང་བསྟོད་དེ་ཁྲོ་བའི་སྔགས་མང་དུ་ཟློ། དེ་ནས་རྫས་དེ་དག་ཆུ་མིག་གི་སྟེང་དུ་ཁྱེར་བ་དང་། ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་ཁྱུང་གི་ཐུགས་ཀར་ཕོག་པས་ཁྱུང་རབ་ཏུ་ཁྲོས་འཁྲུགས་ཏེ་སྡེར་མོ་རྡོར་ཞིང་སྐད་བཏོན་པའི་ཚུལ་མཛད་པ་ན། ཀླུ་རྣམས་རབ་ཏུ་འདར་ཞིང་ཆར་འབེབ་ཀྱི་བུམ་པ་བསྐྱོད་ཅིང་སྤྲིན་སྡུད་པའི་ལས་བྱེད་པར་བསམས་ལ་སྒྲུབ་པ་པོས་སྐད་གསེང་མཐོན་པོས། ཀླུའི་རྒྱལ་པོ་ཁྱེད་རྣམས་ཀྱིས་ཆར་མི་དབབ་པ་ཡིན་ནམ། དེ་ལྟར་ཡིན་ན་བཅམ་ལྡན་འདས་རྡོ་རྗེ་འཛིན་པའི་བཀའ་ལས་འགལ་བའི་ཆད་པ་རྡོ་རྗེ་མཁའ་ལྡིང་གི་ཁྱེད་རྣམས་བརླག་པར་གྱུར་ཏ་རེ། ཞེས་བརྗོད་དེ་ཆུ་མིག་ལན་གསུམ་དཀྲུགས་ཤིང་རྫས་དང་དཀྲུགས་ཤིང་སོགས་ཆུ་མིག་ལ་མ་རེག་ཙམ་དུ་འཇོག་ཅིང་རང་སྒྲོལ་མའི་ང་རྒྱལ་དང་ལྡན་པའི་སྒོ་ནས་ཡི་གེ་བཅུ་པ་ཟློའོ།།
དེས་ཀྱང་མི་འབེབ་ན་གར་དང་བཅས་ཏེ་སྨྱུག་སྦུབས་ཆུ་མིག་ཏུ་བཅུག། དེས་ངེས་པར་དྲག་ཏུ་འབེབ་པར་གདོན་མི་ཟ་བར་གསུངས། གང་ལྟར་ཞི་བས་ཆར་ཕབ་མ་ཐུབ་ན་དྲག་པོའི་ལས་སྦྱོར་ལ་བརྟེན་ནས་ཕབ་དགོས་པ་བསྟན་འདུག
མདོར་ན། བོད་ཀྱི་ཆར་ཕབ་ཀྱི་ཆོ་ག་དེ་དག་ནི་དོན་དུ་ལོ་ཏོག་སྲུང་སྐྱོབ་ཀྱི་ཐབས་ཤིག་དང་རིག་གནས་ཤིག་ཡིན་ལ། གྲུབ་འབྲས་སམ་སྦྱོར་འབྲས་དངོས་སུ་ཐོན་མིན་ནི་བཤད་དཀའ་མོད། འོན་ཀྱང་ཀླུ་སྨན་ཞེས་རྫས་རིགས་སྣ་ཚོགས་ཀྱི་ཁྱད་ནུས་རང་ག་བ་རེ་ལོས་ཡོད་སྙམ། དེ་མིན་ད་དུང་གོང་གི་སྟ་གོན་དང་དངོས་གཞི་བྱ་རིམ་ལས་མི་རིགས་ཤིག་གི་བསམ་བློའི་རིག་གནས་དང་། འཆར་ཡུན། མྱོངས་གོམས་རྟོག་འཇུག་བཅས་མཚོན་ཐུབ་པར་མ་ཟད། ཞིང་ལས་ཐོན་སྐྱེད་ཀྱིས་བོད་ཀྱི་སྤྱི་ཚོགས་སུ་བཟུང་བའི་གོ་གནས་ཀྱང་ཤེས་ཐུབ་པའོ།།
༼ གཅན་ཚ་བཀྲ་བྷོས་བརྩམས་པའི་དམངས་སྲོལ་རིག་པའི་སྤྱི་དོན་ལས་དྲངས། ༽
( མུ་འགོད། )