༼ ཁམས་པའི་མཛུམ་མདངས་སྤྱིའི་འདོན་ཐེངས་སུམ་བརྒྱ་སོ་བཞི་པའི་པར་ངོས་གཉིས་པར་མཐུད། ༽
༣.ལོ་སྲུང་སེར་འགོག་གི་གོམས་སྲོལ།
བོད་ཀྱི་དམངས་གླུ་རུའང་། ང་སེར་སྲུང་སྒང་ན་ཡོད་ཡོད་ལ།། འབྲུག་ཕོ་ཆུང་གན་གི་ངར་ལ་ལྟོས།། ང་སེར་སྲུང་སྒང་ན་མེད་རྒྱུ་ན།། ཞིང་རི་མ་འགའ་རེ་རྡུང་འདང་རེད།། ཅེས་པ་དང་། སེར་ཐོ་བྱིའུ་ཐོ་སྤྱང་ཐོ་གསུམ།། ཇག་མཚན་འགྲོ་ཚང་གི་དགྲ་བོ་རེད།། ཅེས་དམངས་ཁྲོད་གླུ་གཞས་དང་གཏམ་དཔེ་སོགས་ལས་སེར་སྲུང་གི་ལས་ཀ་དང་། ཡང་ན་སེར་ཐོ་བསླངས་ནས་སྲུང་ཚུལ་བཅས་གོ་ཐུབ་ལ། དེ་མིན་ཡུལ་ལུང་སོ་སོར་རང་རང་གི་རང་བྱུང་ཁོར་ཡུག་དང་། དད་མོས་ཀྱི་རིགས་འདྲ་མིན་གྱི་དབང་གིས་གཙང་འགྲམ་དང་ཆུ་མིག་ཁ་སོགས་སུ་མ་ཎི་སེར་འཁོར་བསྐོར་བ་དང་། སོག་མ་དང་ལྗོན་ལོས་དཔའ་བོ་མཚོན་ཐོགས་དང་ལྷ་ཆེན་གཉན་པོ་བཟོས་ཏེ་རི་སྒང་མཐོ་ས་དང་། སེར་ལམ་དུ་སློང་བར་བྱེད་ལ། རས་གཞི་དང་ཤིང་བྱང་། ཤིང་ཁེམ་སོགས་སུ་རང་ཡུལ་གྱི་ཆོས་སྐྱོང་སྲུང་མ་དང་ལྷ་དྲེགས་སོགས་བྲིས་ཏེ་རི་ལུང་དུ་ཁྱེར་བའམ་ཉིན་ཞག་རེ་གཉིས་ལ་གལ་ཆེ་བའི་གནས་དག་ཏུ་འཇོག་པའང་ཡོད་སྐད། ཡང་མི་སྒེར་དང་སྡེ་བ་ཚོ་བ་སོ་སོ་ནས་བསང་གསུར་དང་། ཕྱག་འཚལ་ཚོགས་བསགས། མདོ་གདུགས་སྒྲོལ་གསུམ་གྱི་ཚོགས་འདོན་པ། ཐག་ཉེའི་དགོན་པ་དང་སྔགས་ཁང་སོགས་ལ་ཚོགས་དང་མང་ཇའི་འགྱེད་བཏང་ནས་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སྤེལ་སྲོལ་ཡོད། དེ་དག་ནི་ཞིང་ལས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཏུ་གྲུབ་ཡོད་ལ། དེ་ལས་ཀྱང《རྟ་མགྲིན་ལས་ཚོགས》དང་། 《དམིགས་བརྩེ་མའི་ལས་ཚོགས》སོགས་ཀྱི་གཞུང་ལ་བརྟེན་ནས་ལོ་སྲུང་ཞིང་སེར་བ་འགོག་སྲོལ་གྱི་ལག་ལེན་ཆོ་གའི་རིམ་པ་དང་བཅས་པ་འཐུས་ཚང་ཞིག་ཡོད།
དེ་ཡང་ཡུལ་གྲུ་གཅིག་གམ་ཤོག་ཁ་གཅིག་གི་སེར་སྲུང་ངམ་སེར་སྲུང་པ་ཞིག་བྱ་དགོས་ན་ཐོག་མའི་ཆ་རྐྱེན་ནི། ཡི་དམ་གྱི་བསྙེན་པ་ཚད་དུ་འཁྱོལ་བ་སྔོན་དུ་སོང་ཞིང་། དམིགས་བསལ་སེར་བ་སྲུང་ཟློག་གི་སྔགས་རྣམས་ཀྱང་ལྷའི་རྣལ་འབྱོར་དང་འབྲེལ་བའི་སྒོ་ནས་ཚད་ལྡན་དུ་བཟླས་ཏེ་ནུས་པ་ཐོན་དངོས་སུ་བྱེད་པའོ། །
དེ་ནས་བསྲུང་བྱའི་བྱད་ཕུར་དང་། བཟློག་པའི་ཐུན་རྫས་མནན་པའི་ལིངྒ་སོགས་སྒྲུབ་པར་བྱེད་པ་སྟེ། ཤིང་སྟག་པའི་བྱང་བུ་ལ་རང་གིས་བསྙེན་པ་རྫོགས་ཟིན་པའི་ཡི་དམ་གྱི་སྐུ་གཟུགས་དྲག་པོའི་ཚུལ་ཅན་དང་། དེའི་སྔགས་སོགས་དང་། གཞན་ཡུལ་ཕྱོགས་དང་ས་ཕྱོགས་གང་གི་སེར་བ་དྲག་པོ་སྲུངས་ཤིག་སྐྱོབས་ཤིག་གི་ཚིག་དག་འབྲི་ཞིང་། ཡི་དམ་གྱི་སྔགས་དང་བསྲུང་བྱའི་མིང་རྣམས་ལ་དྲི་བཟང་དང་བདུད་རྩི། དུག་ཁྲག་བཅས་ཀྱིས་རིམ་བཞིན་བྱུགས་ལ། སེང་ལྡེང་གི་ཕུར་བུ་སྟོད་རྒྱ་མདུད་གཉིས་ཀྱི་བར་དུ་འཆིང་བཟུང་དང་། སྨད་དཔལ་ཟུར་གསུམ་པ། དེ་ཡང་ཤིང་གི་རྩེ་མོ་ལ་ཕུར་བུའི་དཔལ་དང་། རྩ་བ་ལ་རྒྱ་མདུད་ཡོད་པ་བྱས་རྗེས། ཡི་དམ་གྱི་ལྷ་དེའི་དྲག་སྔགས་རྣམས་བརྩེགས་མར་བྲིས་ལ་དུག་ཁྲག་གིས་བྱུགས་པའི་བྱང་བུ་དང་ཕུར་བུ་གཉིས་བསྒྲུབས་པར་བྱེད། དེ་ཡང་བཟློག་པའི་ཐུན་རྫས་ལ་དྲག་པོ་རྫས་ཀྱིས་བསྲུང་བ་ཞེས་བཤད་རྒྱུན་ཡོད་ཀྱང་། ཞི་བའམ་ཐུན་མོང་དུ་དུར་ཁྲོད་ཀྱི་རོ་ཐལ་དང་ཡུངས་ཀར་ཙམ་གྱིས་འཐུས་པར་བཤད་ལ། དུག་སྦྱར་གྱི་ཤོག་བུ་ལ་དུག་བསྲེས་ཀྱི་ཁྲག་གིས་སེར་གཏོང་འབྱུང་པོ་རྣམས་མི་གཟུགས་སྐམ་ཞིང་རིད་པ། ཡན་ལག་ཕྲ་ཞིང་ཉམ་ཐག་པའི་རྣམ་པ་ཅན་ལག་གཉིས་རྒྱབ་ནས་བསྡམས་ཤིང་། རྐང་གཉིས་ལྕགས་སྒྲོག་གིས་བཅིངས་པ་བྲིས་ཏེ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པས། མཐུ་དང་སྔགས་དང་ཏིང་འཛིན་བསླུ་མེད་རྟེན་འབྱུང་གི་བདེན་པའི་མཐུ་ཡིས་ལིངྒ་ལ་བཅུག་པའི་ཚུལ་གྱིས་རིམ་པ་དེའང་བསྒྲུབས་ན་སྔོན་འགྲོའི་རིམ་པ་མཇུག་རྫོགས་པས་གཞི་དངོས་ལ་འཇུག་པ་སྟེ། ཐེབས་དང་མཐུན་པའི་ཉིན་རང་གིས་བསྲུང་བྱའི་ཁོར་ཡུག་གང་ཡིན་གྱི་ས་མཚམས་སམ། ཡང་ན་སེར་བ་ཡང་ཡང་ཤོར་བའི་ལམ་སྣའམ། མཐོང་ཡངས་པའི་རི་སྒང་སོགས་གང་རུང་ལ་ཕྱིན་ནས་ཐོག་མར་སྡེ་བརྒྱད་དང་ཡུལ་ལྷ་གཞི་བདག་སེར་བདག་སོགས་ལ་གཏོར་བསང་གསེར་སྐྱེམས་ཀྱིས་རྔན་ཕུལ་ནས་གནས་ཚུལ་ལ་རྟོག་ཅིང་དཔྱོད་ལ་གནས་ཚུལ་དེ་འདྲ་མི་བཟང་ན། ས་དོང་གྲུ་གསུམ་ཅན་བྲུས་པའི་ནང་དུ་ལིངྒ་བཅུག །དེར་འོག་ཏུ་རྡོ་རྗེ་རྒྱ་གྲམ་དང་སྟེང་དུ་རི་རབ་གླིང་བཞི་བྲིས་པའི་གཡམ་རྡོས་བཀབ། དེའི་སྟེང་དུ་ཚེར་མ་ཅན་གྱི་མེ་བཏང་། དེའི་མཐའ་རུ་ཐོ་ཆེ་བ་ཞིག་བརྩེགས་པར་སྔར་གྱིས་ཕུར་བུ་གསེབ་འཇོག་བྱེད་ལ་ཕུར་བུའི་མགུལ་དུ་སྐྱེས་བུ་དམ་པ་དང་སྔགས་པ་ནུས་ལྡན་སོགས་ཀྱི་གདུང་རུས་དང་དབུ་སྐྲ་སོགས་དམ་རྫས་བྱིན་རླབས་ཅན་གྱི་ཐུམ་བུ་དང་སྔར་སྒྲུབ་པའི་ཐུན་རྫས་ཀྱི་རིལ་བུ་བཏགས། དེ་དང་སྐུ་གཟུགས་ཀྱི་བྱང་བུ་གཉིས་ཀ་ཆར་ཆུའི་རླན་གྱིས་མི་གནོད་པ་བྱས་ལ་སེར་བ་ཡོང་ཕྱོགས་སུ་ཞལ་བསྟན་ཏེ་བཞག །ཐོ་ལ་དཀར་རྩི་གསོལ་བའི་མདུན་དུ་མཆོད་པ་བཤམས། རང་གི་ཐུགས་ཀ་ནས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་རབ་ཏུ་གནས་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་བསྐྲད་པར་གྱུར་པར་བསམས་ཏེ། ཡུངས་ཀར་སོགས་ཀྱིས་བྲབ་ལ་སྔགས་དྲག་ཏུ་བརྗོད་ཅིང་ཐོ་བསངས་སྦྱང་བ་དང་། དེ་ནས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་ཤིག་དང་། འདིར་བདག་གིས་ཆེད་དུ་བསྒྲུབས་ནས་ཡོད་པའི་སྐུ་བྱང་ཕུར་བུ་ཐོ་དང་བཅས་པ་ལ་བསྐྱེད་ཅིང་བསྟིམས་པའི་ཡེ་ཤེས་པ་རྣམས་རྟེན་འདི་ལ་བརྟན་པར་བཞུགས་པར་གྱིས་ལ་དམིགས་པའི་ཡུལ་ཕྱོགས་དང་ས་ཕྱོགས་འདི་རྣམས་སུ་ལོ་ཏོག་དང་རྩི་སྨན་ལ་གནོད་པར་བྱེད་པའི་སེར་བའི་འཇིགས་པ་ལས་བསྲུང་ཞིང་སྐྱོབ་པར་མཛད་དུ་གསོལ། ཞེས་སྐྱབས་བཅོལ་དང་འཕྲིན་བཅོལ་གྱི་སྐུལ་སྨོན་ཞུ་བ་དང་བཅས་སེར་གདོང་བཟློག་པར་བྱེད་པ་སྟེ། འུར་རྡོ་ལ་(དྲག་པོ་ལ་མི་ལྤགས་ཀྱིས་མཐིལ་བྱས་ཤིང་ཡུགས་མོའི་ལྟག་སྐྲའི་ཟུར་རྡོ་ཡང་ཡོད་པར་བཤད)རོ་ཐལ་དང་ཡུངས་དཀར་གྱི་རྫས་སོགས་བཞག་སྟེ་སེར་ཕྱོགས་སུ་འཕེན་ལ། སེར་ཕྱོགས་སུ་སྡིགས་མཛུབ་གཏད་དེ་འབྱུང་པོ་ཐམས་ཅད་ཐལ་
བར་བརླག་བསམ་གྱིས་དྲག་སྔགས་དང་ཕཊ་དྲག་པོ་བརྗོད་པ་དང་། མི་གཞན་ལའང་སེར་ཕྱོགས་དེར་མདའ་དང་མེ་མདའ་སོགས་འཕེན་པའི་བཟོ་ལྟ་བྱེད་དུ་བཅུག་ནས་ལོ་སྲུང་སེར་འགོག་བྱེད་དོ། །
གོང་དུ་བརྗོད་མ་ཐག་པ་ནི་སེར་འགོག་རིག་གནས་སྤྱི་ཙམ་ཞིག་རང་བློ་མཉམ་པ་རྣམས་ལ་ངོ་ཙམ་སྤྲད་པ་ལགས་པས་ཞིབ་པར་གཞན་ནས་ཤེས་པར་བྱ། དེ་ཡང་ལོ་གཅིག་གི་སེར་སྲུང་གི་བྱ་བ་ཡོངས་སུ་གྲུབ་ཅིང་སྟོན་འབྲས་བླངས་ཚར་བ་ན། ཡུལ་ཕྱོགས་སམ་ཤོག་ཁའི་སོ་ནམ་པ་རྣམས་ཀྱིས་ཁྱིམ་རེ་རེ་ནས་སེར་སྲུང་ལ་འབྲུ་རིགས་བྲེ་སྟེར་དང་། ཡང་ན“གསར་བུ” ཞེས་ལོ་གསར་བའི་སྟོན་འབྲུས་བཟོས་པའི་གོ་རེ་སོགས་ཕུལ་ཏེ་བཀའ་དྲིན་ཞུ་སྲོལ་ཡང་ཡོད།
༤. རྩྭ་ཡུག་ལྡུམ་ཡུར་གྱི་གོམས་སྲོལ།
སྤྱིར་ཡུར་མ་ཡུར་བ་དང་། ལུད་འཇོག་པ། གནོད་འབུ་འགོག་པ་སོགས་ནི་ལོ་ཏོག་ལ་འབྲས་བུ་གཡུར་དུ་ཟ་བ་ཞིག་ཐོན་པའི་ཉེར་ལེན་གྱི་རྒྱུ་གལ་ཆེ་བ་གསུམ་ཡིན། དམངས་ཁྲོད་ངག་རྒྱུན་དུའང་ས་ཞིང་ལག་ལས་མ་ཐོབ་ན། །འཇག་མ་རྩྭ་ཡིས་ཤུགས་གླུ་ལེན་ཞེས་དང་། ཞིང་ལ་དགོས་པ་ལུད་ཡིན།། རྩམ་པའི་རི་ཁུ་ཆུ་ཡིན།། ཞེས་དང་། ལུད་ཀྱི་དྲི་ངན་མེད་ན།།ཟས་ཀྱི་དྲི་ཞིམ་མེད།། ཅེས་དང་། “མི་ཡིས་ཞིང་མགོ་གཡོགས་ན།།ཞིང་གིས་མི་མགོ་གཡོགས་ཡོང་།།ཞེས་པ་ལྟ་བུ་ནི་སོ་ནམ་རྒན་པོའི་ཉམས་མྱོང་ལས་ཐོན་པའི་ལེགས་བཤད་རེད། དེ་མཚུངས་ཀྱི་གོམས་སྲོལ་ཡང་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་འདིའི་གོང་འོག་བར་གསུམ་ནས་བརྗོད་པ་ལྟར་ལགས་ན། འདིར་རྩྭ་ཡུག་ལྡུམ་ཡུར་སྐབས་ཀྱི་མིའི་སེམས་ཁམས་དང་། དུས་ཚོད་མགྱོགས་བུལ་གྱི་རིན་ཐང་ལྟ་ཚུལ་ཐད་ཀྱི་གནས་ཚུལ་ཅུང་ཙམ་བརྗོད་པ་ལ། དེ་ཡང་གྲོང་ཚོ་བའམ་སྡེ་བ། ཡང་ན་རང་ཁྱིམ་དང་ཚོ་བའི་ནང་གི་སྨན་ཤར་བུ་མོའི་གྲས་ནས་མ་ལག་ཡངས་གཡུག་ཅན་མ་ཞིག་གིས་རྐོ་མ་ཐོག་མར་སར་འཛུགས་སྐབས་སྐད་མགོ་ཅུང་མཐོ་བའི་སྒོ་ནས་ལས་གཞས་འདི་འདྲ་ཞིག་ལེན་ཏེ། ཞིང་ཁྱོད་ངོ་ཡངས། མ་ངའི་ལག་ཡངས། བྱ་རྒོད་འཕུར་འཕུར་བྱོས། རྟ་རྒོད་རྒྱུག་རྒྱུག་བྱོས། ཁྱི་རྒྱ་ལི་ཞིག་གིས་ལྟོ་འཐུང་མ་ཚར་གོང་ཚར་དུ་ཆུག །མ་རུལ་མ་ཞིག་གིས་སླ་ང་བཀྲུས་མ་ཚར་གོང་ཚར་དུ་ཆུག་ཅེས་བླངས་ཚར་མ་ཐག་ཡུར་མཁན་སྨན་ཤར་ཚོགས་རང་རང་ས་ནས་ཡུར་ལས་ཀྱི་བྱ་བ་དངོས་ལ་འཇུག་པ་རེད། མཐར་ཡུར་ལས་ཀྱི་བྱ་བ་མཇུག་རྫོགས་པའམ་ཞིང་གཅིག་ཡུར་ཚར་བ་ནའང་རང་རང་ས་ནས་བཤད་རྒྱུ་དང་བླང་རྒྱུ་འདི་འདྲ་ཡོད་དེ། “ལྡུམ་ཤི་ལྡུམ་ཤི་ལྡུམ་ལྷ་རྒད་པོ་ཤི། ལྡུམ་ཕྲུག་ཁ་སེར་ཤི། ལྡུམ་ཕ་ཤི་དང་མ་ཤི་བྱོས། ལྡུམ་རྩར་མེ་ཞོག། ལྗང་རྩར་ཆུ་བླུགས། ལོ་ཡག་སྙེ་མ་དཀྱིལ་ལ་དྲིལ། ལོ་ངན་ལྡུམ་བུ་མཐའ་ལ་དེད”ཅེས་པ་སོགས་ལས་ཀྱང་ཡུར་མ་ཡུར་བའི་གོམས་སྲོལ་དང་། ལྷ་འདྲེའི་དད་མོས་སོགས་ཀྱི་སྣང་ཚུལ་ཡང་ཅུང་ཤེས་པ་ལྟ་བུའོ། །
༼ གཅན་ཚ་བཀྲ་བྷོས་བརྩམས་པའི《དམངས་སྲོལ་རིག་པའི་སྤྱི་དོན》ལས་དྲངས།༽
( མུ་འགོད།)