国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙན་ངག་ལ་བླངས་བའི་ཚངས་མགུར།

ལྷོ་བཞུད་ཆུ་འཛིན་དཀར་པོ།།

ཁྱོད་རང་མཐོང་བའི་རྗེས་ལ།།

ལྷ་གཅིག་དབྱངས་ཅན་དྲན་ཏེ།།

སྙན་ངག་མེ་ཏོག་འགུལ་སོང་།།

མཚོ་ནང་པདྨའི་གདན་ལ།།

རྒྱུད་མངས་དཀྲོལ་གྱིན་བཞུགས་པའི།།

ཚངས་སྲས་ངག་གི་དཔལ་མོ།།

ཡིད་ཀྱི་གཏིང་ལ་བཞུགས་རོགས།།

ཆར་ཞོད་འཇགས་པའི་མཚམས་སུ།།

ཉི་འོད་གཉོམ་པོ་ཤར་བྱུང་།།

ནང་སེམས་དབྱར་གྱི་རླུང་བུ།།

ན་ཆུང་བུ་མོར་ཕྱོགས་སོང་།།

སྒྲོ་ལྡན་རྨ་བྱ་གཞོན་ནུས།།

སྐྱིད་པའི་སྤང་ལྗོངས་སྟེང་ནས།།

སྒྲོ་གུར་མཛེས་པོ་ཕུབ་རུང་།།

ཡིད་སེམས་དེ་ལ་མ་ཤོར།།

ཕུ་ཆུའི་ངོགས་སུ་རྒྱུ་བའི།།

རྐང་དྲུག་སྦྲང་མ་འདྲ་བའི།།

སེམས་པ་རླུང་གི་རྟ་ཅན།།

ཁྱོད་ཀྱི་ཕྱོགས་ལ་ཤོར་ན།།

དོགས་པའི་ཆང་རག་མ་འཐུང་།།

ཁྱོད་རང་ཁྱོད་རང་ཟེར་བ།།

མི་ཞིག་ཡིན་པ་འདྲ་འམ།།

ཁྱོད་དང་བུ་མོ་འདོགས་ས།།

སྙན་ངག་ཁོ་ན་ཡིན་པས།།

ཁྱོད་རང་འཁྲུལ་དུ་མ་འཇུག།

སྤྱིལ་བའི་སྒེའུ་ཁུང་འགྲམ་གྱི།།

རྒྱ་སེའི་མེ་ཏོག་དམར་པོ།།

ཁྱོད་ལ་རླུང་གིས་སྒུལ་དུས།།

ང་རང་ལོག་དགོས་བྱུང་སོང་།།

༼ ཐོར་བུ། ༽