国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཉིད་རྗེས་བྲངས་ཀྱི་མགུར་མ།

རླུང་སིལ་བུ་མར་ཀའི་གྲོང་ལ་གཡུག །

ད་གཡུག་གིན་གཡུག་གིན་སྣང་བ་སུན། །

གཅིག་བྱས་ན་སུན་དགོས་མི་འདུག་སྟེ། །

དེ་ཆགས་སྡང་ཟེར་བའི་དཔུང་དེ་རེད། །

ཆུ་གཙང་པོའི་རླབས་གཉེར་མ་འདུས་གོང་། །

ཤིང་ལྕང་མའི་འདབ་ལག་མ་རྒྱས་གོང་། །

ང་དེ་དུས་བྱིས་པ་སྣབས་ལུགས་རེད། །

དེ་ཡིན་ཡང་ནང་སེམས་སྤྲོ་བས་ཁེངས། །

དུས་དེང་སང་ན་ཚོད་རྫོགས་པའི་རྗེས། །

ལོ་འགྲོ་བཞིན་འགྲོ་བཞིན་ནང་སེམས་ནི། །

བྲག་གཟར་པོའི་ངོགས་ཀྱི་ཆུ་ཕྲན་བཞིན། །

ད་ལྷོད་པོར་བྱེད་ཐབས་མི་འདུག་གོ། །

དེ་ཡིན་ཡང་སེམས་ཉིད་བརྟུལ་ཐབས་ཅི། །

གཞུང་བཀའ་པོད་འཕྲུལ་གྱི་མེ་ལོང་ལ། །

ལུས་ཚོར་བའི་དབང་པོ་མ་མོག་པར། །

ཡང་ལྟ་བཞིན་ལྟ་བཞིན་ཇེ་ཟབ་སོང་། །

ཤེས་ཟེར་བ་འཇའ་འོད་ལག་ཟིན་རེད། །

དེ་ཡིན་ཡང་བག་ཆགས་མེ་ཏོག་ཉིད། །

དུས་ཚེ་རབས་འདི་ལ་བཞག་གྱུར་ན། །

ལས་རྒྱུ་འབྲས་བདེན་པའི་ཆོས་ཉིད་ལ། །

ཡིད་རབ་ཏུ་ཆེས་པས་ལམ་འདི་འཚོལ། །

དེ་འཚོ་བའི་དབྱིངས་ཀྱི་འགྱུར་བ་རེད། །

དེ་རྣམ་རྟོག་འཁྲུག་པའི་གཞས་ཤིག་རེད། །

དེ་མི་ཚེའི་བསྡུས་མགུར་རགས་པ་རེད། །

དེ་སེམས་ཉིད་རྗེས་སུ་འབྲངས་པའི་གཏམ། །

༼ ལྡེའུ་ནག ༽