འཇིག་རྟེན་འཇིག་པའི་ཐང་གི་འུ་ཅག་ནི།།
ལས་ཀྱིས་མངགས་པའི་ཕོ་ཉ་ཇི་བཞིན་དུ།།
མི་ཚེའི་བྱ་གཞག་འགྲུབ་དང་མི་འགྲུབ་དབར།།
ཚེ་ཡི་འདུ་བྱེད་སྟོངས་ཏེ་གྱེས་འགྲོ་དགོས།།
ཚེ་ནི་རྩྭ་མགོར་གནས་པའི་ཟིལ་པ་བཞིན།།
ཡུན་རིང་མི་གནས་ལྷུང་བའི་ངང་ཚུལ་ལ།།
བདག་ལ་མྱ་ངན་མོད་པའི་རྨི་ལམ་གྱིས།།
ཤུལ་རྗེས་མཐོང་དུ་མེད་པའི་རྨ་ཁ་བཞག།
འདི་ནས་འཛོམས་པའི་འུ་ཅག་སྙིང་གི་གྲོགས།།
ཆར་སྡོད་བྱིའུ་ཆུང་ཡིན་པའི་ལས་དབང་གིས།།
ཡུན་རིང་འདུག་ཏུ་མེད་པའི་
གནས་ལུགས་ཀྱིས།།
སྒྱུ་མའི་དཔེ་བརྒྱད་རིམ་བཞིན་འདྲེན་པར་བྱེད།།
སྒྱུ་མའི་ཆུ་ཟླ་མྱུལ་བའི་འུ་ཅག་གི།།
ཚེ་ཡི་ཉི་མ་སྔ་ཕྱི་ལྟར་ནུབ་པས།།
སྨྲེང་བའི་སྤྲིན་པ་ཕང་ཕུང་གཡོ་སྟེ་ནི།།
གནས་པའི་ཡུན་ལ་སྡུག་གི་ཐ་མག་འཐེན།།
སྟོན་རླུང་འུར་འུར་ལྡང་བའི་ནམ་ཟླ་ལ།།
ཁྲུང་ཁྲུང་ལྷོ་ཡུལ་འཕུར་བའི་སྨྲེང་བ་དང་།།
ཁུ་བྱུག་མོན་མཐར་བསྙེགས་པའི་ཞེ་སྡུག་ནི།།
སྐད་ཅིག་འདུ་འབྲལ་མང་བའི་སྐྱོ་གདུང་ཡིན།།
སྐྱོ་བ་རི་ཀླུང་འཐིབས་པའི་སྨུག་པ་བཞིན།།
ཟུར་གསུམ་སྙིང་གི་ཀློང་དུ་འཁྱུད་པ་ན།།
ནམ་མཁའི་སྐར་མ་ཚོམ་བུ་ངུ་བ་འདྲ།།
མིག་ཆུ་ཐིགས་པ་རེ་རེ་འཐོར་བ་འདྲ།།
༼ ནམ་ཤེས། ༽