སྟག་དམར་ཡག་འཛུམ་དྲུག་ཐིག་ལེ་བཀྲ།།
དྲག་གད་རྒྱངས་བསྒྲགས་ན་ས་གསུམ་གནོན།།
ཟིལ་རྔམ་བརྗིད་གདོང་ལྔའི་དཔལ་ལ་འགྲན།།
བོད་ཆུ་ཕོ་སྟག་གི་ལོ་སར་བཟང་།།
ཡབ་མེས་པོའི་དཔའ་སྟོབས་རྒྱས་ས་དང་།།
སྲིད་དམ་པོའི་དབུ་འཕང་མཐོ་ས་སྟེ།།
སྟོད་མངའ་རིས་སྐོར་གསུམ་ལོ་སར་བཟང་།།
སྲིད་འབྱོར་བ་དར་བའི་བཀྲ་ཤིས་ཤོག།
རིགས་འགྲོ་དྲུག་མ་རུ་སྒོམ་པ་སྟེ།།
སྒོས་སེམས་ཅན་མཆོག་ཏུ་བསམ་པ་ཡི།།
བར་དབུས་གཙང་རུ་བཞི་ལོ་སར་བཟང་།།
ཆོས་རྒྱལ་བསྟན་ནུབ་མེད་བཀྲ་ཤིས་ཤོག།
བུ་དཔའ་བོའི་དཔའ་མཛངས་གླིང་ལ་གྲགས།།
དགྲ་ངར་མའི་དགྲ་མགོ་ཐོ་བས་མནན།།
སྨད་མདོ་ཁམས་སྒང་དྲུག་ལོ་སར་བཟང་།།
རུས་མི་འགྱུར་བརྟན་པའི་བཀྲ་ཤིས་ཤོག།
བོད་ནང་བསྟན་ཆོས་གཞུང་རིན་པོ་ཆེ།།
མཆོག་ཤཱཀྱའི་རྗེས་མཇུག་གྲུབ་མཐའ་བཞི།།
སྐད་ཡི་གེ་སྲོག་གི་ཀ་བ་སྟེ།།
གཏན་མི་འགྱེལ་སྐྱེས་མཆོག་ལོ་སར་བཟང་།།
མཐོ་སྒང་བ་རི་དང་ལ་ལུང་དུ།།
གནས་རྩུབ་རུང་ཡེ་ནས་གཞིས་ཆགས་པ།།
གདོང་སྨུག་མདོག་ཅན་གྱི་ཞིང་ཕྱུགས་བདག།
བོད་ཁ་བའི་མི་རྣམས་ལོ་སར་བཟང་།།
སྐད་མི་གཅིག་མི་འདྲ་སྣ་མང་དང་།།
ཡིག་མི་མཚུངས་ཡ་མཚན་གྲངས་མང་ལ།།
ཤ་དཀར་སེར་ནག་མདོག་ཕྱི་ནང་གི།།
གཞིས་བྱེས་ཀྱི་ནང་མིའི་ལོ་སར་བཟང་།།
ཡུལ་འཛམ་བུ་གླིང་གི་གོང་ཕྱོགས་དང་།།
གནས་ཨེ་ཤ་ཡ་ཡི་དཀྱིལ་དབུས་ན།།
རྒྱལ་ཀྲུང་ཧྭའི་སྲིད་འབྱོར་རིག་གསུམ་དར།།
རིགས་ང་དྲུག་སྤུན་ཟླའི་ལོ་སར་བཟང་།།
ནང་མི་ལ་ནད་མེད་ཚེ་རིང་ཤོག།
ཕྱིའི་ཕྱུགས་ལ་གོད་མེད་འཕེལ་ཁ་ཤོག།
བར་གཡང་ར་སྒོ་བཞི་བརྟན་པར་ཤོག།
དུས་ཉིན་མཚན་དྲུག་ཏུ་བཀྲ་ཤིས་ཤོག།
ལོ་རྒན་པའི་སྐུ་ཚེ་རྒྱལ་མཚན་བརྟན།།
ཆུང་བྱིས་པའི་བློ་རིག་རི་མོ་བཀྲ།།
མཐུན་བཟའ་ཚང་སྐྱིད་པའི་དགོད་སྒྲ་མཆེད།།
ཁྱིམ་དྲོན་མོ་སྐྱིད་ལ་བཀྲ་ཤིས་ཤོག།
བོད་རབ་རྒྱན་ཆུ་ཕོ་སྟག་གི་ལོར།།
ཏོག་ནད་ངན་ཡལ་བའི་བཀྲ་ཤིས་ཤོག།
རིགས་རུ་དར་བརྟན་པའི་བཀྲ་ཤིས་ཤོག།
བོད་གངས་ཅན་སྐྱིད་ལ་དར་བར་ཤོག།
ནང་སྤུན་ཟླ་མཐུན་སྒྲིལ་དམ་པར་ཤོག།
ཤ་ཉེ་རིང་ལྷན་དུ་འཛོམས་པར་ཤོག།
སྐྱིད་ཟླ་བ་མཁའ་ལ་འཆར་བར་ཤོག།
སྡུག་མུན་པ་མཐའ་ནས་སངས་པར་ཤོག།
ཆོས་སྲིད་འབྱོར་དབྱར་མཚོ་རྒྱས་པར་ཤོག།
ཕྱི་ནང་གི་སྣོད་བཅུད་བཀྲ་ཤིས་ཤོག།
སྐྱིད་ཉི་མ་འདྲ་ཞིག་འཆར་བར་ཤོག།
གཡང་མཚོ་མོ་འདྲ་ཞིག་འཁྱིལ་བར་ཤོག།
༼ ཁྲི་ཟླ་གཞོན། ༽