ཚོགས་གཉིས་མཐར་སོན་རྣམ་འདྲེན་དབང་བོ་དང་།།
རྨོངས་མུན་བསལ་མཛད་ཤེས་རབ་ལྷ་ཚོགས་ཀྱིས།།
མ་རིག་མུན་ཚོགས་མ་ལུས་རབ་བཅོམ་ནས།།
བློ་གྲོས་པདྨོའི་འདབ་བརྒྱ་འབྱེད་པར་ཤོག།
རབ་བརྗིད་ལྷུན་ཆགས་ཆོལ་གསུམ་བོད་ཡུལ་ནས།།
མི་འགྱུར་རྡོ་རྗེ་སྲོག་གི་ཀ་བ་བརྟན།།
ལྷ་དང་བླ་མ་མཁའ་འགྲོའི་བྱིན་མཐུ་ཡིས།།
ཅི་བསམ་ལྷུན་གྱིས་འགྲུབ་པའི་ཤིས་པ་སྩོལ།།
ལང་ཚོའི་མེ་ཏོག་འདབ་མ་རབ་བཞད་ནས།།
བགྲང་བྱ་སྲིད་པ་ལོན་པའི་བཀྲ་ཤིས་ཉིན།།
དཔྱིད་འགོ་ཐོག་མ་བསུ་བའི་དུས་སྟོན་ལ།།
ཁ་གཡང་ཚིག་གི་ལྷ་དར་ཁྱེད་ལ་འཐེན།།
རབ་ཡངས་འཛིན་མའི་དབུས་ཀྱི་འགྲོ་ཀུན་ལས།།
བཅུ་ཕྲག་རིག་པའི་གཞུང་ལ་ཟླ་མེད་དང་།།
དཔལ་དང་འབྱོར་བ་ཀླུ་ལ་འགྲན་པ་བཞིན།།
ཁ་རྗེ་དབང་ཐང་སྲིད་ལ་ཁྱབ་པར་ཤོག།
བྱམས་ལྡན་ཕ་མའི་སེམས་ཀྱི་ནོར་བུའི་འོད།།
གཡང་ཁྱིམ་གྲུ་བཞིའི་ནང་ལ་མྱུར་འཕྲོས་ནས།།
དགོས་འདོད་དཔག་བསམ་གཡང་གི་མེ་ཏོག་ཆར།།
རྒྱུན་ཆད་མེད་པར་འབབ་པའི་བཀྲ་ཤིས་ཤོག།
༼ སྤྲེལ་རྫོང་བསྟན་རྒྱས། ༽