国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ཀྱི་སོ་ནམ་དམངས་སྲོལ།

༼ ཁམས་པའི་མཛུམ་མདངས་སྤྱིའི་འདོན་ཐེངས་སུམ་བརྒྱ་སོ་ལྔ་པའི་པར་ངོས་གཉིས་པར་མཐུད། ༽ (མུ་འགོད།)

༥.ཞིང་འབྲེག་ཡུལ་གཅོག་གི་གོམས་སྲོལ།

(༡)ཞིང་འབྲེག་པ།

ཞིང་འབྲེག་པ་ནི་ལོ་ཏོག་སྨིན་ཚར་ནས་སྟོན་ལས་ཀྱི་མགོ་ཚུགས་ཤིང་། ས་ཞིང་ལས་འབྲས་བུ་ལོན་པའི་དུས་ཡིན་པར་མ་ཟད། སྐབས་དེར་གནམ་གཤིས་ལ་འགྱུར་ལྡོག་ཆེ་བས་ཆར་ཞོད་དང་སེར་བའང་ཐོལ་གྱིས་འབྱུང་རྒྱུ་མང་། སྐབས་དེ་དག་ནི་ཞིང་ལས་ས་ཁུལ་ལ་མཚོན་ན་བྲེལ་འཚུབ་ཆེས་ཆེ་བའི་དུས་ཤིག་སྟེ། ཁ་དཔེར་ཡང་། སྟོན་མེ་འབར་འབར་དང་། ཆུ་འཁོལ་འཁོལ་གྱི་དུས་ལ་བྱིས་པ་སྐྱེ་དབང་དང་། ལོ་ལོན་འཆི་དབང་མེད་ཅེས་པའི་བཤད་ཚུལ་ཡོད། དེ་འདྲའི་གནས་ཚུལ་འོག་འབྲས་བུ་ཆུད་ཟོས་མེད་པར་ལེན་པ་དང་། ལས་ཀ་མྱུར་བར་ལེགས་འགྲུབ་ཡོང་བ། ད་དུང་སྤྲོ་སྣང་ལྡན་པའི་ངང་སྟོབས་ཤུགས་ཆིག་སྒྲིལ་དང་ལུས་སེམས་སྙོམ་སྒྲིག་བཅས་ཀྱི་ཕྱིར་ལས་གཞས་ཀྱང་སྣ་ཚོགས་གཏོང་སྲོལ་ཡོད་པ་མཚོན་ཙམ་བཀོད་ན། སྒོ་མེ་ལུང་བའི་སྒོ་བརྡར་ཁྱེར་ཤོག། བ་ཡན་མགར་བའི་ཟོར་བ་རྡོར་ཡ། ཞེང་འབྲེག་རྒན་མོས་འབྲེག་གི་ཡོད། ལྟོས་ཡ་སྡོད་ད་ལྟད་མོ་འཇོག་ཡ(ཞིན་ཧྭ་རྫོང)ཞེས་དགའ་དགའ་སྤྲོ་སྤྲོ་དང་འུར་འུར་ཟང་ཟིང་བྱེད་པ་དང་། ཟོར་རྡོར་རྒད་པོའམ་སྟག་ཤར་རྣམས་ཞིང་འབྲེག་སྐྱེས་མའི་ཚོགས་དང་ཁ་གྱེས་མ་ཐག་སྨན་ཤར་བུ་མོ་རྣམས་ཀྱིས་ཁ་མཚར་ཀུ་རེ་སྣ་ཚོགས་བཤད་ཅིང་། ཞིང་ཆུང་གྲུ་བཞི་དང་། རྣང་མའི་གཡས་གཡོན་དུ་དགོད་སྒྲ་དང་གླུ་སྐད་སོགས་ཀྱིས་བཀང་བར་བྱེད། གཞན་ད་དུང་འཕྲོགས་ཡ་ཕྲོགས། ཕར་ལ་ཕྲོགས། རྒྱ་ཟོར་ལེབ་མོས་རྒྱ་འབྲེག་བྱོས། བོད་ཟོར་རྣོན་པོས་བོད་འབྲེག་བྱོས(ཅོ་ནེ་རྫོང)ཞེས་དང་། ཨེ་ཧེ་གླུ་ལེན་ཡ—ཧེ། ཛམ་ལྷ་ལ་གླུ་ཡི་ཧོ་ཧ། ཨེ—ང་ཡིས་ལེན་ཡ་ཧེ་ཧ། ཨ—ངས་གླུ་ལེན་ཡ། ཧེ་ཨེ་ཧེ་གླུ་ལེན་ཡ། ཛམ་བྷ་ལ་གླུ་ཡི་ཧོ་ཧ། ཨ—ང་ཡིས་ལེན་ཡ་ཧོ་ཧ། (ཅོ་ནེ་རྫོང)ཞེས་དང་། “ཧེ་ཡ་ཧེ། ང་སྐྱ་རྒྱ་ཡི་ཡིན་ཡ། རྐྱལ་གི་རྐྱལ་གི་འགྲོ་ཡ།ཧེ་ཡ་ཧེ། ང་དོ་རྒྱ་ཡི་ཡིན་ཡ། དོ་ལིང་འཁོར་འཁོར་བྱེད་ཡ(གཅན་ཚ་རྫོང)ཞེས་སོགས་ཀྱི་ལ་གཞས་ལེན་ཚུལ་མང་ལ་དེ་དག་ལས་ཞིང་འབྲེག་སྐབས་ཀྱི་གནས་ཚུལ་ཏེ། ཞིང་འབྲེག་ལས་ཞུགས་ཀྱི་མི་སྣ་དང་། ཡོ་བྱད་ཀྱི་ཁྱད་པར་རམ་བཟང་ངན། ལས་ཞུགས་ཀྱི་ཉམས་འགྱུར་ནོར་བདག་ལ་བསྟོད་པ་དང་སྐྱབས་བཅོལ་གྱི་གནས་ཚུལ་སོགས་བཀོད་པས། གོམས་སྲོལ་དེའི་དོན་སྙིང་དང་བྱུང་བ། འཕེལ་རྒྱས། ལས་དེར་བཟུང་བའི་འདུ་ཤེས་སོགས་མདོ་ཙམ་ཤེས་ཐུབ་པ་ལྟ་བུའོ།།

(༢)གཡུལ་གཅོག་པ།

གཡུལ་གཅོག་པ་ནི་ཞིང་ལས་ཀྱི་རིམ་པ་ཆེས་མཐའ་མཇུག་ཡིན་ལ། ཞིང་ལས་ངལ་རྩོལ་གྱི་རིམ་པ་རེ་རེ་བཞིན་ལེགས་གྲུབ་བྱུང་བའི་འབྲས་བུ་བསྡུ་བ་ཡིན་པས་ཤིན་ཏུ་གཙིགས་ཆེན་པོ་བྱེད་དོ།།གཡུལ་གཅོག་པ་ལ་ཡོ་བྱད་དང་ཁོར་ཡུག་ངེས་ཅན་ཞིག་དགོས་ཏེ། རང་རང་ཡུལ་གྲུའི་ཁྱད་ཆོས་ལྟར་གཡུལ་ཁ་ཞེས་གྲོ་ནས་ཀྱི་འབྲུ་ལེན་སའི་གཞི་དང་། རྡོ་རིལ་བཅས་ཆེད་དུ་བཟོ་ལས་བགྱིས་ཏེ་ཚགས་སུ་ཚུད་པ་ན། དྲེལ་བོང་སོགས་ལ་བརྟེན་ནས་གཡུལ་གཅོག་པར་བྱེད། དེ་ཡང་གནའ་བོའི་དུས་སུ་བྲེགས་ཟིན་པའི་གྲོ་ནས་སོགས་ཀྱི་ཤོག་ཕོན་ལ་དབྱུག་པས་ཐད་ཐད་དུ་བརྡུངས་ཏེ་འབྲས་བུ་ལེན་པ་ཡིན་སྲིད་མོད། ཕྱིས་སུ་སྒོ་ཕྱུགས་ཀྱི་བཀོལ་རྒྱ་ཇེ་ཆེ་དང་། སྟབས་བདེ་ཡི་ཐབས་བཀོད་ཕུན་ཚོགས་སུ་སོང་བ་དང་བསྐྲུན་ནས་ཁར་མ་བཀོལ་ནས་གཡུལ་གཅོག་པའི་སྲོལ་བྱུང་བར་སྙམ། གཞན་ད་དུང་ཁལ་མ་མང་པོས་རྐང་བརྫིས་གཡུལ་གཅོག་གི་སྐབས་ཤིག་ཀྱང་བྱུང་བར་མངོན་ཏེ། བོད་ལྗོངས་མངའ་རིས་ཀྱི་ས་ཁུལ་ཁ་ཤས་སུ་ད་ལྟ་ད་དུང་སྣང་ཚུལ་དེ་འདྲ་ཡོད་ཚོད་འདུག།

དེ་ཡང་ལྷོ་ཁའི་འོན་སྐྱེད་ཅེས་པའི་ས་ཆ་ལྟ་བུར་མཚོན་ན་ལོ་ཏོག་བརྔས་ཚར་བ་ན་ལོ་རྐང་ཆུན་པོས་དཔའ་ཞེས་པའི་མིའི་གཟུགས་བརྙན་འདྲ་བ་ཞིག་བཟོ་བ་དེ་གཡུལ་ཁར་ཐོག་མར་འདྲེན་དགོས་ལ། གཡུལ་ལས་ཚར་རྗེས་མཛོད་ཁང་དུ་འདྲེན་པའི་སྲོལ་ཡོད། དེ་ཡང་གཙང་གི་ལུང་བ་མང་པོར་གཡུལ་ལས་མགོ་རྩོམ་པ་ན་ལོ་བདག་མ་བསུ་བ་ཞེས་གཡུལ་ཁར་དཀར་རྩིའི་རི་མོ་འབྲི་བ་དང་། རི་མོ་བྲིས་ཚར་རྗེས་དཀར་རྩིའི་ཐིག་རིས་བཀོད་དེ་ཐད་ཀར་རང་ཁྱིམ་གྱི་མཛོད་ཁང་དུ་འཐེན་སྲོལ་ཡོད།

འདིར་གཡུལ་གཅོག་གོམས་སྲོལ་གྱི་ལས་གཞས་ཀྱི་ནང་དོན་ལྟར་མཚོན་ཙམ་བརྗོད་ན། ཐོག་མར་གཡུལ་གཅོག་པའི་ཉིན་དེའི་གནམ་གཤིས་ལ་བརྟགས་ཤིང་གནམ་ངོ་དྭངས་པའི་ལྟས་ཡོད་ན། སྔ་མོ་ནས་ལངས་ཏེ་ཤོག་ཕོན་གྱི་ཡུ་ཐག་བཅད་དེ་ཤོག་སིལ་གཡུལ་ཁ་ལ་སྙོམས་པར་བཏིང་སྟེ། རྡོ་རིལ་རྒྱག་པར་བྱེད་ལ་སྐབས་དེ་དག་ཏུ་ལས་གཞས་འདི་འདྲ་ཡོད་དེ། ཧ་ལ་ཡེ། ཧོ་ལ་ཡེ། ཧོ་ལ་ཡ། ཧོ་ལ་ཡེ། ཧ་ལ་ཡེ། ཧོ་ལ་ཡེ།ཧོ་ལ་ཡེ།ཧོ་ལ་ཡེ(ཐེ་བོ་རྫོང)ཞེས་མུར་ཟློ་བྱེད་པ་དག་ལས་ལས་ལ་རེམ་པར་སྐུལ་བའམ། ཁྱད་པར་དུ་ཁལ་མ་ལ་ལྕག་གིས་བྲབ་ཞོར་དུ་རྒྱུགས་པར་སྐུལ། དེ་ཡང་གོང་དུ་བརྗོད་ཟིན་པ་ལྟར་སྟོན་གྱི་དུས་ནི་བྲེལ་འཚུབ་དང་། ཟང་ཟིང་ཆེ་བ་ཞིག་ཡིན་པ་རྟོགས་ཐུབ་པར་མ་ཟད། གཞན་དེ་འདྲའི་གོམས་སྲོལ་ཡང་ངེས་ཅན་ཞིག་ཆགས་ཡོད་པའང་ཤེས་ཐུབ། དེ་མཚུངས་ཀྱི་ལས་གཞས་ད་དུང་ས་ཁུལ་གཞན་ནའང་ཡོད་དེ། (ཕོ)ཨ་རོ་ཡིན་གི་བ་ལོ་བ་ལོ་གོ(མོ)ཨ་རོག་ཡིན་གི་བ་ལ་ལོ་གོ(ཀླུ་ཆུ་རྫོང)ཞེས་དང་། རྡ་མ་རྡོ་རིལ་ཧ་ལ་ལ། རྡ་མ་རྡོ་

རིལ་ཧ་ལ་ལ།(གཅན་ཚ་རྫོང)ཞེས་པ་སོགས་ལས་ཀྱང་ལས་ལ་བརྩོན་པའི་གོམས་སྲོལ་ཡོད་པ་རྟོགས་ཐུབ། དེ་ནས་གཡུལ་བུད་པ་ན། ཚེབ་དང་། འདེད་མ། ཕྱགས་མ་ལ་སོགས་གཡུལ་ལེན་གྱི་ཡོ་བྱད་བཀོལ་ནས་རྩྭ་འབྲུ་རང་སར་སྤུངས། དེ་ནས་ཞིང་འདེབས་ན་གཤོལ་དགོས།ནས་འཕྱར་ན་རླུང་དགོས་ཞེས་པ་ལྟར་འབྲུ་ཕུག་གཉི་ག་མཉམ་བསྡེབས་སུ་ཡོད་རླུང་ཤུགས་ལ་འཕྱར་ཏེ་འབྲུ་རིགས་ཁོ་ན་ཟུར་དུ་བླངས་པ་ན་གཡུལ་གཅོག་གི་བྱ་ཐམས་ཅད་ཡོངས་སུ་གྲུབ་པ་རེད།

༦. ཞིང་ལས་ཡོ་བྱད་དང་འཛེམ་བྱའི་སྐོར།

རིམ་པ་གོང་མ་ནས་ཞིང་ལས་བྱ་བའི་གོ་རིམ་རེ་རེའི་ཁྲོད་ཀྱི་གོམས་སྲོལ་དང་། ལྟོས་འཇོག་གི་དངོས་ཡོད་རང་བཞིན་མདོ་ཙམ་རེ་གླེང་ཟིན་ལ། འདིར་ཞིང་ལས་ཐོན་སྐྱེད་ཀྱི་ཡོ་བྱད་གཙོ་བོའི་རིགས་ངོ་སྤྲོད་ཙམ་བྱས་ན། རྨོ་བྱེད་ཀྱི་ཐོང་གཤོལ་ཏེ། དམངས་ཁྲོད་དུ་ལྔ་བདུན་བཅུ་གཉིས་མ་ཤེས་ན། འཁོར་བའི་ཨ་བོ་མིན་པའི་རྟགས་ཞེས་དང་། 《ལྷ་གླིང་བསམ་པའི་དོན་གྲུབ》ཏུ་སྐྱེན་པོའི་སྨྱུག་ལ་མགྱོགས་སྒྲོ། ཐོང་སོའི་ལྕགས་ལ་རྣོ་མཐུད་ཅེས་དམངས་ཁྲོད་ཀྱི་སྐད་ཆ་འདི་རིགས་ལས་ཐོང་གཤོལ་གྱི་མགོ་དང་། གཉའ་ཤིང་། གཤོལ་མདའི་རིང་ཚད་དང་། ཐོང་མགོར་ལྕགས་དང་དེར་རྣོ་འདོགས་པ་སོགས་ཤེས་ཐུབ། གཞན་རོལ་ཁ་སྙོམས་བྱེད་ཀྱི་འདྲུད་ཤ་དང་། ས་ཐོ་རྡུང་བྱེད་ཀྱི་འོབ་རྡུང་།(ས་ཐོ་རྡུང་བྱེད) ཐལ་བ་འཁུར་བྱེད་ཀྱི་སླེ་བོ། ས་རྐོ་རྡོ་སློག་གི་འཇོར་དང་ལྕགས་ཁེམ། རྩྭ་ལྡུམ་ཡུར་བྱེད་ཀྱི་ཁྱེམ་བུ།(རྐོ་མའང་ཟེར) ལོ་ཏོག་རྔ་བྱེད་ཀྱི་ཟོར་བ། གཡུལ་ཕྱགས་ཀྱི་རྡུལ་མ། གཡུལ་ཤོག་རྡུང་བྱེད་ཀྱི་དབྱུག་མ། འབྲུ་ཕུག་འདེད་བྱེད་ཀྱི་འདེད་མ། ནས་འབྲུ་རླུང་འཕྱར་གྱི་འཕྱར་ཁེམ་དང་འཁྱབ་མ་སོགས་ཞིང་ལས་ཡོ་བྱད་མང་ལ་དེ་དག་གི་རྒྱུ་དང་སྤུས་ཀའི་ཐད་ནས་སྣ་ཚོགས་ཡོད་དོ།།

དེ་བཞིན་རང་རང་གི་དད་མོས་དང་རང་བྱུང་ཁོར་ཡུག་གི་ཁྱད་ཆོས་ལྟར་ལས་ཀའི་འཛེམ་བྱའང་འདྲ་མིན་སྣ་ཚོགས་ཤིག་ཡོད་དེ།

(༡)གདོད་མའི་དད་མོས་ལས་བྱུང་བའི་འཛེམ་བྱ།

ཞིང་བར་དུ་ས་རྐོ་རྡོ་སློག་བྱ་རྒྱུར་འཛེམ་པ་དང་། ཞུགས་འབུལ་མི་བྱེད་པ། བུད་མེད་རྣམས་སྔོ་ཞིང་དུ་འགྲོ་སྐབས་སུ་ལུས་ལ་པང་གདན་མེད་པ་དང་། མགོ་ལ་སྤ་ཕྲུག་མེད་པ། ཡང་ན་ཞྭ་མོ་མགོ་རས་སོགས་གང་ཡང་མེད་པར་སྐྲ་ནག་པོར་ཞིང་བར་དུ་འགྲོ་བར་འཛེམ།

(༢)ཐོན་སྐྱེད་ཉམས་མྱོང་ལས་ཐོན་པའི་འཛེམ་བྱ།

སྐར་མ་དུག་ཕག་ཤར་བའི་སྐབས་སུ་ཆུ་གཏང་རྒྱུར་འཛེམ་པ་དང་། ཞིང་བར་དུ་ཟོར་བ་འཁྱེར་རྒྱུར་འཛེམ་པ། དུས་ཆེན་དང་གཅིག་གྱུར་གྱི་བྱེད་སྒོའི་ཉིན་རང་འདོད་དུ་ལས་ཀ་བྱ་རྒྱུར་འཛེམ་པ།

(༣)རྟེན་འབྲེལ་རང་བཞིན་གྱི་འཛེམ་བྱ།

རྟེན་འབྲེལ་གྱི་ཆོ་ག་མ་བསྒྲུབས་པར་སོ་ནམ་བྱ་རྒྱུར་འཛེམ་པ་དང་། སོ་ནམ་སྐབས་སུ་ནང་མི་ཁ་འཛིང་དང་། རྨོ་ཕྱུགས་ལ་གཅར་རྡུང་། རྟ་རྨོ་ཕྱུགས་ལ་བཀོལ་པར་འཛེམ་པ། ཡོ་བྱད་གས་ཆག་དང་ཁ་ཉེས་དང་སྣོད་སྟོང་སོགས་ལ་འཛེམ་པ།

(༤)གཡང་མི་འཆོར་བའི་འཛེམ་བྱ།

མིག་དམར་འབྲུ་ཡི་གཡང་གཟའ་ཡིན་པས་འཛེམ་ལ། འབྲུ་རིགས་ཀྱི་ཕུད་མ་བླངས་པར་གཞན་ལ་གཏང་རྒྱུར་འཛེམ། ས་བོན་མཛོད་ནས་ལེན་དུས་མི་གཞན་གྱིས་མཐོང་བར་འཛེམ་པ་སོགས་མང་ངོ་།།

གཅན་ཚ་བཀྲ་བྷོས་བརྩམས་པའི《དམངས་སྲོལ་རིག་པའི་སྤྱི་དོན》ལས་དྲངས།