国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གྲོགས་པོ།

གྲོགས་པོ། ལམ་ལ་ངེས་པ་མི་འདུག་ཀྱང་།

ལམ་གྱི་ངལ་དུབ་ཐམས་ཅད་བསལ་ནས་ཡོང་།

ངལ་དུབ་ནི་ལོ་ངོ་མང་བའི་ལྦུ་ཆང་དམ་བེ་གང་ཡིན་ན།

ཁྱོད་ནི་དེའི་བཟི་ཁ་འཇོམ་པའི་གསོ་བྱེད་སྨན་གྱི་བདུད་རྩི་དེ་ཡིན།

གྲོགས་པོ། འཚོ་བ་ལ་ཁག་ཐེག་མི་འདུག་ཀྱང་།

འཚོ་བའི་རྒུད་པ་མ་ལུས་བསལ་ནས་ཡོང་།

རྒུད་པ་ནི་བརྒལ་བར་དཀའ་བའི་ཚེར་མའི་སྡོང་པོ་ཞིག་ཡིན་ན།

ཁྱོད་ནི་དེའི་རྩ་བ་གཅོད་པའི་བྱང་སེམས་སྨོན་

ལམ་ཅན་དེ་ཡིན།

གྲོགས་པོ། མཛའ་བརྩེ་ལ་ཡིད་གཏད་མི་འདུག་ཀྱང་།

གསར་སྙེག་གི་འདུན་པ་ཅན་དག་དང་གྱེས་ནས་ཡོང་།

མཛའ་བརྩེ་ནི་འཇིགས་སུ་རུང་བའི་གསང་

ལམ་དོག་པོ་ཞིག་ཡིན་ན།

ཁྱོད་ནི་དེའི་འགག་ལས་སྒྲོལ་བའི་གཡུལ་གྱི་

སྣེ་ཤན་དཔའ་བོ་དེ་ཡིན།

གྲོགས་པོ། ཡོད་ཚད་ཡིད་གདུང་གིས་ཁྱེར་དུས།

འཚོ་བ་ལ་སྙིང་པོ་མི་འདུག་ཀྱང་།

ཤེས་རབ་ཀྱི་སྤྱན་ཡངས་པའི་ཁྱོད་ཀྱིས་སྙིང་པོ་

གཞན་ཞིག་རྙེད་འདུག་སྟེ།

ཡིད་གདུང་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཇི་

བཞིན་སྐྱོ་ཤས་སྟེན་ས་དེ་ཡིན་ན།

ཁྱོད་ནི་ཞི་བའི་ཐར་ལམ་སྙེག་པའི་ཐོག་མའི་

སེམས་འདུན་ཅན་དེ་ཡིན་སྲིད།

༼ གངས་གཞུག་ཐར། ༽