国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉིན་ཐོ།

ཉིན་ཐོ། ངས་ཁྱོད་མཐོང་ཐེངས་རེར།

དེང་དུས་ཁྱོད་ཀྱིས་ངའི་སློབ་སྦྱོང་གི་ཁ་ལོ་སྒྱུར་བ་དྲན།

ཁྱོད་ཡོད་པས།

ང་ལ་རྩོམ་འབྲི་བར་དགའ་བའི་གོམས་གཤིས་ཆགས།

ཁྱོད་ཀྱི་འོད་སྣང་གི་ལམ་བུ་དེ་ངས་འཚོལ།

ཉིན་ཐོ།

ཁྱེད་ནི་ངའི་

ཉི་མ་རེ་རེའི་བྱ་བ་དང་དོན་དག་འགོད་སའི་བརྗེད་མེད་ཀྱི་ཟིན་ཐོ་ཡིན།

ཁྱེད་ནི་ངའི་

མདུན་ལམ་སྩོལ་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན།

ཁྱེད་ནི་ངའི་

ཤ་གསེང་ན་རྒྱུ་བཞིན་པའི་ཟུངས་ཁྲག་དམར་པོ་སྟེ།

བུ་མོ་ངས་སྙིང་གཏམ་བཤད་ས་ཞིག།

ཨེ་མ།

ཉིན་ཐོ་ནི་ཅི་འདྲའི་རིན་ཐང་ཆེ་བ་ལ།

རྩོམ་གྱི་རྨང་གཞི་འཇོག་མཁན།

རྩོམ་གྱི་བདུད་རྩི་མྱོང་དུ་འཇུག་མཁན་གྱི་ཤོག་བུ་ཞིག་ཡིན།

ཉིན་ཐོ།

ཁྱེད་ནི་ངའི་བློ་ཐུབ་ཀྱི་གྲོགས་པོ་ཡིན་ལ།

ཁྱེད་ནི་ངའི་མི་ཚེ་འདིར།

ང་དང་ལྷན་དུ་ཕུགས་འདུན་འཚོལ་དུ་འགྲོ་མཁན་གྱི་ལམ་གྲོགས་ཤིག་ཡིན།

ཉིན་ཐོ་ལགས།

ཁྱེད་ནི་ངའི་མི་ཚེ་འདིར་བོར་མི་ཉན་པའི་དངོས་པོ་རྩ་ཆེན་ཞིག།

ཁྱེད་ནམ་ཡིན་ཡང་ང་དང་འགྲོགས་ཐུབ་པར་སྨོན།

༼ གཡུང་དྲུང་ལྷ་མོ།༽