ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཉེ་ཆར་གློག་འཕྲིན་འབྱོར་གསལ། 2021ལོར་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལས་སྟེགས12315བརྒྱུད་དེ་འཛད་སྤྱོད་པའི་ཞུ་གཏུག་དང་། ཐེར་འདོན། བློ་འདྲི་བཅས་དང་ལེན་ཞུས་ནས་དོན་དག་ཁྱོན་ཁྲི3.16བདག་སྤྲོད་བྱས་ནས་འཛད་སྤྱོད་པའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི113ལྷག་གསབ་པ་རེད།
བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཚེ་བརྟན་གྱིས་ཚེས15ཉིན་འཚོགས་པའི2021ལོའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཚུལ་ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར2021ལོར་བོད་ལྗོངས་ཀྱི་ལས་སྟེགས12315རུ་ཞུ་གཏུག་རྒྱག་ཚད་བརྒྱ་ཆ99.27ལ་ཟིན་པ་དང་། དུས་ཐོག་ཏུ་ཐེར་འདོན་གོང་ཞུ་ཞིབ་བསྡུར་ཐུབ་ཚད་བརྒྱ་ཆ5.19ལ་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དྲྭ་ཐོག་ནས་འཛད་སྤྱོད་རྩོད་གཞི་ཐག་གཅོད་ཀྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་ཁེ་ལས73ལ་འཛད་སྤྱོད་རྩོད་གཞི་དྲྭ་ཐོག་ནས་ཐག་བཅད་པའི་ཞབས་ཞུ་འདོན་པ་དང་། འཛད་སྤྱོད་རྩོད་གཞི་དྲྭ་ཐོག་ནས་ཐག་བཅད་པའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་དང་། འཛད་སྤྱོད་པའི་ཞུ་གཏུག་ཐབས་ལམ་རྒྱ་སྐྱེད་དང་ཁེ་དབང་སྲུང་སྐྱོང་བཅས་སྟབས་བདེ་རུ་བཏང་ཡོད། ( ཡེ་ཤེས་ཀྱིས་བསྒྱུར། )