(པར་ངོས་དང་པོར་མཐུད།) གསུང་རྩོམ་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་ཡོད། གཅིག་ནི་ཏང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནི་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་པ། གསུམ་ནི་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། བཞི་ནི་རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། ལྔ་ནི་མི་སེམས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་དགོས་པ། དྲུག་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ་འགན་འཁྲི་ཧུར་ཐག་སྒྲུབ་དགོས་པ། བདུན་ནི་མི་དམངས་སྲིད་གྲོས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས་བྱེད་དགོས་པ། བརྒྱད་ནི་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འགན་འཁྲི་སྒྲུབ་པའི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཡིན། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་མང་པོ་ལྡན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད།
གསུང་རྩོམ་ནང་བསྟན་དོན། དུས་བབ་གསར་པའི་འོག་ང་ཚོས་ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་བཏང་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ་མི་དེ་བས་མང་བ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཐུབ་པ་བྱེད་དགོས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་མི་དམངས་སྲིད་གྲོས་ཀྱིས་ལྷག་པར་དུ་གཤམ་གསལ་གྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། གཅིག མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་དགོས། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་དོན་དག་ཡོད་ན་གྲོས་བསྡུར་ཡག་པོ་དང་དམངས་ཚོགས་ཀྱི་བྱ་བ་དམངས་ཚོགས་ལ་བརྟེན་ནས་གྲོས་བསྡུར་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་འདུན་པ་དང་བླང་བྱའི་མཐུན་ཆ་ཆེ་ཤོས་འཚོལ་ཐུབ་པ་བྱ་རྒྱུ་ནི་མི་དམངས་དམངས་གཙོའི་བདེན་དོན་རེད། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བར་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ལེགས་ཆ་ཡག་པོ་སྤྱད་དེ“མཐུན་སྒྲིལ—སྐྱོན་བརྗོད—མཐུན་སྒྲིལ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། གཏམ་ལམ་ཡངས་འབྱེད་དང་བློ་བསྡུས་དགེ་འཚོལ་གྱིས་བསམ་བློའི་ལྟ་བ་མི་འདྲ་བ་གང་ལེགས་མཚོན་པ་དང་སྤེལ་རེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ངང་གྲོས་མོལ་བྱེད་པ་ལས་གཞན་ལ་བཙན་འགེལ་མི་བྱེད་པ་དང་། སྒྲིག་སྲོལ་བརྩི་སྲུང་དང་གོ་རིམ་ལྡན་པའི་ངང་གྲོས་མོལ་བྱེད་པ་ལས་ཆོ་མེད་སྐད་ཆ་མི་ཤོད་པ། བསམ་ཤེས་ཁོང་ཡངས་དང་ལྷག་བསམ་གྱི་གྲོས་མོལ་བྱེད་པ་ལས་ཕྱོགས་རིས་དང་རང་ཤེད་མཁྲེགས་འཛིན་མི་བྱེད་པ་བཅས་བྱས་ཏེ། གང་བསམ་ལྷུག་གླེང་དང་སོ་སོའི་བསམ་ཚུལ་བརྗོད་པ་དང་། དཔྱོད་ཤེས་དང་ལུགས་དང་མཐུན་པ་དང་ཁྲིམས་མཐུན་སྒྲིག་མཐུན་གྱི་གྲོས་མོལ་གྱི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས། གཉིས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་ལས་དོན་ནུས་ལྡན་ངང་བསྒྲུབས་ནས་ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་འཐབ་ས་གལ་ཆེན་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་མཐུན་སྒྲིལ་སློབ་གསོ་རྒྱག་པར་ཁྲིད་སྟོན་བྱེད་པའི་ལས་སྟེགས་གལ་ཆེན། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འགལ་ཟླ་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པའི་ཐབས་ལམ་གལ་ཆེན་བཅས་ལ་ཧུར་ཐག་འགྱུར་བར་བྱེད་དགོས། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། གསུམ། ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་རྒྱག་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་ཀྱི་བརྩེ་སེམས་མཐའ་འཁྱོངས་བྱས་ཏེ་བྱ་གཞག་སེམས་ནང་འཇོག་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ནས་ཨུ་ཡོན་གྱི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་རབ་རིབ་མི་བྱེད་པ་དང་ཆབ་སྲིད་ཀྱི་རྩ་དོན་ལ་གཡོ་འགུལ་གཏོང་མི་རུང་།
(མི་དམངས་དྲ་བ་ནས་དྲངས།)