བསང་དུད་ནམ་མཁར་འདྲེས་ཏེ།།
སྨུག་པའི་སྐེ་རགས་བཅིངས་ནས།།
ལུག་ཁྱུའི་མགུལ་རྒྱན་བཏེགས་འདྲའི།།
ཕ་ཡུལ་གསེར་གྱི་གཞོང་པ།།
མེ་ཏོག་དཔུང་རོགས་བྱས་ཏེ།།
རྩྭ་ལྗང་གདན་ལ་བཏིང་ནས།།
ཤུག་པའི་འཇའ་གུར་ཕུབ་འདྲའི།།
ཕ་ཡུལ་གསེར་གྱི་གཞོང་པ།།
རླུང་བུས་ལམ་བུ་བསྟན་ཏེ།།
སྒོ་ཁྱིའི་འབོད་བརྡ་གཏོང་བཞིན།།
སྒོར་དར་ཁ་བཏགས་འཐེན་འདྲའི།།
ཕ་ཡུལ་གསེར་གྱི་གཞོང་པ།།
ལྗོན་ཤིང་གོས་སུ་གྱོན་ཏེ།།
སྡོང་ལོས་ས་གཞི་གཡོགས་ནས།།
ཡལ་གའི་བསུ་མ་བྱེད་འདྲའི།།
ཕ་ཡུལ་གསེར་གྱི་གཞོང་པ།།
ནོར་ཁྱུས་སྒོ་སྲུང་བྱས་ཏེ།།
རྟ་ཕོས་བྱ་ར་བྱེད་བཞིན།།
རྨིག་སྒྲ་སྐར་ཚོགས་ཤར་འདྲའི།།
ཕ་ཡུལ་གསེར་གྱི་གཞོང་པ།།
༼ ཁ་བ་ན་རོ། ༽