གླུ་ཞིག་ལེན་འདོད་ཡོད་ཚེ་མགྲིན་པ་འགགས།།
ལས་ཀྱི་ཟམ་ཆེན་གས་པའི་ཤག་སྒྲ་ཐོར།།
ཕར་ལ་སོང་ཤུལ་བརྒྱ་ལས་ང་མེད་ཀྱང་།།
འཚོ་བའི་རྫི་ལུང་འདི་ཡིས་ནང་སྒོ་ཕྱེས།།
རྒྱབ་ནས་ཧ་ཅང་ན་བའི་མིག་ཆུ་དག།
གལ་ཏེ་མེ་དྲོད་ཅིག་ལས་ལྷོད་གྱུར་ན།།
བདག་འཛིན་དུ་མས་ཁེངས་པའི་གཤོག་བུ་ཚུམས།།
ཉིན་ལ་སྦྱར་བའི་སྙན་ངག་དྲོན་མོ་བཞིན།།
བདག་གི་ཁོག་ནས་ཉི་མར་ལྡེ་ཙམ་བྱེད།།
ང་ཡི་དོན་ལྔ་སྣོད་དྲུག་ཚ་ལམ་ལམ།།
སྲིད་པའི་གར་དུ་དམུལ་བའི་འདུན་པ་ཡང་།།
ངོ་ཁེབས་ཚ་བ་རྒྱས་པའི་ངང་ཚུལ་བཞིན།།
ད་དུང་སེམས་འདིས་ཕུགས་བསམ་རྙེད་ཐུབ་ངེས།།
༼ འཕུར་སྐྱོད། ༽