国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྒྱུ་མའི་འཇིག་རྟེན།

བཟང་བྱས་བཟང་དུ་མི་ལྟ་ལོག་རྟོག་གི་ཡུལ་གྲུ། ། ངན་བྱས་ངན་དུ་མི་འདོད་རྨོངས་རྟུལ་གྱི་རུ་སྡེ། ། ཇ་ལན་ཆུ་ཡིས་འཇལ་བའི་སྒྱུ་འཕྲུལ་གྱི་གནས་འདིར། ། ང་དང་ང་འདྲའི་སྙིང་ཁར་གཡོ་མདའ་དེ་ཕོག་སོང་། ། དྲིན་བྱས་དྲིན་དུ་མི་གོ་སྲིན་པོ་ཡི་འཇིག་རྟེན། ། སྡུག་བྱས་སྡུག་ཏུ་མི་རློམ་སྒྱུ་མ་ཡི་ཞིང་ཁམས། ། ཉེ་རིང་དགྲར་གྱུར་དགྲ་བོ་གཉེན་འགྱུར་གྱི་ཡུལ་ནས། ། ང་དང་ང་འདྲའི་འཚོ་བར་སྙིང་པོ་ཞིག་མི་འདུག ། བརྩེ་བ་བརྩེ་བར་མི་སྣང་གཡོ་སྒྱུ་ཡི་ཁ་བ། ། དུང་བ་དུང་བར་མི་སྒོམ་ཐེ་ཚོམ་གྱི་བུ་ཡུག ། སྒྱུ་མའི་འཇིག་རྟེན་འདི་ནས་གློ་བུར་དུ་ཐོན་པས། ། ང་དང་ང་འདྲའི་སེམས་པ་འཁྱག་རླུང་གིས་བསླུས་སོང་། ། བདེན་པ་བདེན་པར་མི་མཐོང་རྣམ་རྟོག་གི་འདྲེ་རྒོད། ། གནས་ལུགས་ལུགས་སུ་མི་བརྩི་དོགས་པ་ཡི་སྲིན་པོ། ། སྒྱུ་མའི་གྲོང་དུ་འཕྲིན་ལས་བླ་ལྷག་གིས་དར་བས། ། ང་དང་ང་འདྲའི་མི་རྣམས་འཚོ་ཐབས་ཤིག་མི་འདུག །

༼ གཅན་གླག་མིག ༽