ཀ་དག་སེམས་ཀྱི་ནམ་མཁའ།།
སྤྲིན་དང་སྨུག་པས་བཟུང་འདུག།
བདེན་པ་གྲུབ་དང་མ་གྲུབ།།
རྨོངས་བློས་ཤེས་ཐབས་མི་འདུག།
སྤྲིན་ནག་ཨེ་བྲལ་བསམས་ནས།།
གོམ་པ་རི་ལ་སྤོས་ཀྱང་།།
དབལ་གྱི་ལྕགས་དོང་སྦུབས་སུ།།
རླུང་བུ་གཡུག་པ་མ་བྱུང་།།
སངས་རྒྱས་ཉི་མ་གཞོན་ནུས།།
འོད་སྣང་ཕྱོགས་མཚསས་བཀྱེས་ཀྱང་།།
བདག་དང་བདག་གི་བ་དག།
བྱང་ལྟས་བྲག་ཁུང་འཛུལ་བ།།
སྤངས་རྟོགས་བྱིན་གྱིས་བརླབས་པའི།།
མཚན་བཟང་དཔེ་བྱད་ཡོན་ཏན།།
རབ་ཏུ་ཡིད་པ་དམར་ཡང་།།
ཚེ་འདིར་ཐོབ་པ་དཀའ་འོ།།
སྣང་བའི་སྒྱུ་འཕྲུལ་ལྷ་མོས།།
གཉེན་ལྕུག་གར་སྒྱུར་མཛོད་བཞིན།།
བདུད་རྩི་ལོ་ཆུང་ཁམ་པ།།
ཞགས་དག་བྱེད་སྟངས་རྒོད་པ།།
སྒང་ནས་ལ་གཞས་བླངས་སོང་།།
ཐང་ནས་ལག་གཡུག་གནང་བྱུང་།།
མིག་ཟུང་རིག་རིག་ཅེར་ཡོད།།
རྔུལ་ཆུ་ཡང་ཕྱི་བྱས་ཡོད།།
ཤ་མ་རི་ཡི་སྡོང་པོ།།
ང་ཡི་ལས་སྐལ་འདྲ་བ།།
ང་ལ་དགོས་པའི་ནོར་བུ།།
སྔ་གཞུག་གང་དུ་མི་འདུག།
བྲག་ཁུག་གཟུར་བར་མོས་ཀྱང་།།
ཚེ་རབས་ལས་ཀྱིས་འདེད་ཡོང་།།
མི་ཚེ་འཁྱག་རོམ་ལམ་བུར།།
རྐང་རྗེན་བགྲོད་པ་དཀའ་བ།།
གཞུང་ལམ་རྫ་ལ་ཐུག་ཅིང་།།
རྫ་མགོའི་སྤྲིན་ནག་གཏུམ་པོས།།
གཡའ་དག་ནམ་མཐར་རེག་པར།།
བདུད་ཀྱི་ཤང་ལང་གདེང་ཡོང་།།
ཀྱེ་མ་རིག་པའི་མཁར་རྫོང་།།
བྱིས་པའི་ཤེད་ཀྱིས་མི་ནོན།།
རྒྱང་རིང་འཁྲེང་པའི་རྟ་པོ།།
ཞེན་ཆགས་ཞགས་པས་གཏོད་སོང་།།
ས་མཐའི་གྲམ་གཞུང་བརྒལ་ནས།།
རེ་དོགས་གནོན་ཤུགས་གྲོལ་བའི།།
རང་ཤག་ཡངས་པ་ཅན་དེར།།
བདེ་བར་གནས་རྒྱུར་བྱུང་ན།།
༼ གཞི་ཚང་ཟླ་བ་གྲགས་པ། ༽