ད་ཆ་རྒྱལ་ནང་གི་རིམས་ཚུལ་མུ་མཐུད་དེ་ཁྱབ་མཆེད་བྱུང་བཞིན་ཡོད་ཅིང་། རང་རེའི་ཞིང་ཆེན་གྱི་ཁྱིམ་མཚེས་ཧྲན་ཞི་དང་མཚོ་སྔོན། ཀན་སུའུ། ཡུན་ནན་སོགས་སུ་ས་གནས་རང་གི་རིམས་ཚུལ་བྱུང་བས། རང་ཁུལ་ལའང་རིམས་ཚུལ་འབྱུང་བའི་ཉེན་ཁ་ཆེན་པོ་ཡོད་ཅིང་། རིམས་ཚུལ་འགོག་ཟོན་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པར་བརྟེན། ནུབ་བྱང་ཕྱོགས་ཀྱི་རིམས་ཚུལ་ལ་དམིགས་བསལ་དོ་ཁུར་བྱ་དགོས།
སྤྱི་ཟླ4པའི་ཚེས17ཉིན་ནས་བཟུང་། རང་ཁུལ་གྱིས་ཉེན་ཁ་ཆེ་ཆུང་ལ་གཞིགས་ནས་རྒྱལ་ནང་གྱི་ས་གནས་རང་གི་རིམས་ཚུལ་བྱུང་བའི་ས་ཆ(ས་གནས་རིམ་པའི་གྲོང་ཁྱེར་དང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར། ཐད་སྐྱོང་གྲོང་ཁྱེར)དེAརིགས་ཀྱི་ས་ཁུལ(རིམས་ཚུལ་རང་ཁུལ་དུ་ཁྱབ་མཆེད་བྱུང་ཉེན་ཆེ་བའི་ས་ཁུལ)དངBརིགས་ཀྱི་ས་ཁུལ(Aརིགས་ཀྱི་ས་ཁུལ་ཕུད་རྗེས་ས་གནས་རང་གི་རིམས་ཚུལ་བྱུང་བའི་ཁུལ་ཕྱིའི་ས་ཁུལ་གཞན་དག)གཉིས་བགོས་ཏེ་དོ་དམ་ཚོད་འཛིན་བྱ་དགོས།
རང་ཁུལ་དུ་འོང་མཁན་དང་ཕྱིར་ལོག་པའི་མི་སྣ།
རང་ཁུལ་དུ་འོང་མཁན་དང་ཕྱིར་ལོག་མཁན་ཡིན་ན་ངེས་པར་དུ་ཆུ་ཚོད24ཡི་ནང་ཚུད་དུ་ཉིང་སྐྱུར་དཔེ་བཤེར་ལས་ནད་དུག་མེད་པའི་དཔང་འཛིན་མཁོ་འདོན་བྱ་དགོས་པ་དང་། མི་སྒེར་གྱི་འགྲོ་སྐྱོད་གནས་ཚུལ་དང་བདེ་ཐང་ཨང་རྟགས་སྔོན་པོ་དཔྱད་བཤེར་བྱ་དགོས་པར་མ་ཟད། ཆུ་ཚོད24ཡི་ནང་ཚུད་དུ་ཉིང་སྐྱུར་དཔེ་བཤེར་ཐེངས་གཅིག་བྱ་དགོས།
Aརིགས་ཀྱི་ས་ཁུལ།
ཉིན7ནངAརིགས་ཀྱི་ས་ཁུལ་ནས་རང་ཁུལ་དུ་འོང་མཁན་མི་སྣ་རང་ཁུལ་དུ་སླེབས་མ་ཐག་ཉིན7ལ་གཅིག་སྡུད་ལོགས་བཀར་བྱ་དགོས། ཉིན་དང་པོ་དང་གསུམ་པ། བདུན་པ་བཅས་ལ་ཉིང་སྐྱུར་དཔེ་བཤེར་ཐེངས་རེ་བྱ་དགོས་པ་དང་ཐེངས་རྗེས་མའི་ཉིང་སྐྱུར་དཔེ་བཤེར་གྱི་མཇུག་འབྲས་ནད་དུག་མེད་པ་ཡིན་ན་ལོགས་བཀར་བྱ་མི་དགོས།
Bརིགས་ཀྱི་ས་ཁུལ།
ཉིན7ནངBརིགས་ཀྱི་ས་ཁུལ་ནས་རང་ཁུལ་དུ་འོང་མཁན་གྱི་མི་སྣར་གཤམ་གྱི་བྱ་ཐབས་ལ་གཞིགས་ནས་རིགས་བགོས་ཏེ་དོ་དམ་ཚོད་འཛིན་བྱ་རྒྱུ།
གཅིག། རིམས་ཚུལ་བྱུང་བའི་རྫོང་དང་གྲོང་ཁྱེར། ཆུས། ཆིས་བཅས་ནས་འོང་མཁན་གྱི་མི་སྣ་རང་ཁུལ་དུ་སླེབས་རྗེས་རང་ཁྱིམ་ནས་ཉིན7གྱི་རིང་ལ་ལོགས་བཀར་བྱ་དགོས། ཉིན་དང་པོ་དང་གསུམ་པ། བདུན་པ་བཅས་ལ་ཉིང་སྐྱུར་དཔེ་བཤེར་ཐེངས་རེ་བྱ་དགོས་པ་དང་ཐེངས་རྗེས་མའི་ཉིང་སྐྱུར་དཔེ་བཤེར་གྱི་མཇུག་འབྲས་ནད་དུག་མེད་པ་ཡིན་ན་ལོགས་བཀར་བྱ་མི་དགོས། རང་ཁྱིམ་དུ་ལོགས་བཀར་ཆ་རྐྱེན་མ་ལྡན་ན་གཅིག་སྡུད་ལོགས་བཀར་བྱ་དགོས།
གཉིས། རྫོང་དང་གྲོང་ཁྱེར། ཆུས། ཆིས་བཅས་གཞན་དག་ནས་འོང་མཁན་གྱི་མི་སྣར་རང་ཁུལ་དུ་སླེབས་རྗེས་ཉིན3རེའི་ནང་དུ་ཉིང་སྐྱུར་དཔེ་བཤེར་ཐེངས2རེ(བར་ཡུན་དུས་ཚོད24ཡིན།)བྱ་དགོས། ཉིང་སྐྱུར་མཇུག་འབྲས་མ་ཐོན་སྔོན་ཕྱི་རོལ་དང་འདུ་འཛོམས་བྱེད་སར་འགྲོ་མི་ཆོག།
(བདེ་ཆེན་གྱིས་བསྒྱུར།)
