国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མི་ཡུལ་གྱི་བརྩེ་ སེམས།

ང་ལ་སྔོན་ཆད་བྱམས་བརྩེ་དང་དྲོད་ཁོལ་གྱིས་ཁེངས་པའི་ཁྱིམ་ཚང་ཞིག་ཡོད།སྐབས་དེར་ངེད་ཁྱིམ་མི་ཚང་མས་མེ་ལྕེ་འུར་འུར་འབར་བའི་ཐབ་ཀར་བསྐོར་ནས་ཨ་ཕས་དགོད་བྲོ་བའི་གཏམ་རྒྱུད་བཤད་པ་ལ་ཉན་ནས་རྒྱུ་ཆེན་དང་ནོམས་ཆེན་མིན་ཡང་བདེ་སྐྱིད་དང་སྤྲོ་སེམས་ཁོ་ནས་འཚོ་བ་བསྐྱལ་བ་ཡིན།

དེ་དག་དྲན་ཚེ་ངའི་སེམས་ལ་ང་ནི་འཇིག་རྟེན་ཐོག་ཆེས་བདེ་སྐྱིད་ལྡན་པའི་མི་ཞིག་ཡིན་པར་སྙམ། ཡིན་ནའང་། འཇིག་རྟེན་གྱི་དངོས་པོ་ཇི་ལྟར་འགྱུར་ཡང་། ཕ་མ་དང་ཁ་བྲལ་དགོས་བྱུང་བ་ནི་ཇི་འདྲའི་བཟོད་ཐབས་མེད་པ་ཞིག་རེད། ཉིན་ཞིག་འཕྲུལ་རྟ་ཡི་ཆག་སྒོ་དེས་ངའི་བྱམས་ལྡན་གྱི་ཨ་ཕ་འཇིག་རྟེན་འདི་དང་ཁ་བྲལ་སོང་།དེ་ནས་བཟུང་ཆར་རླུང་འགོག་པའི་སྡོང་ཆེན་དེ་མེད་པར་གྱུར་ལ། ང་རང་སར་འགྱེལ་ཚེ་ལག་པས་སྐྱོར་ནས་ཡར་ལངས་སུ་འཇུག་མཁན་དེ་མེད་པར་གྱུར་སོང་།

སློབ་སྦྱོང་བྱེད་པའི་ཁྲོད་དུ་དཀའ་ངལ་དང་འཕྲད་ཚེ་ལག་པ་ཕྲག་པར་བཞག་སྟེ་སྐུལ་མ་བྱེད་པའི་མི་ཡང་མེད་པར་གྱུར་སོང་།ཨ་ཕ་འདས་པ་དེས་ཨ་མ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་སྟེ་ཉིན་ཧྲིལ་པོར་མིག་ཆུ་བར་མེད་བཞུར། ཉིན་ཞིག་ལ་ཨ་མ་ཡང་ཆ་མི་ཚང་བའི་ཁྱིམ་ཚང་འདི་དང་གཏན་བྲལ་བྱས་སོང་།དེ་ནས་བཟུང་ང་དྭ་ཕྲུག་ཏུ་གྱུར་ཅིང་།དྲོད་ཀྱིས་ཁེངས་པའི་གོ་ཁ་དེ་ང་དང་ཤིན་ཏུ་རྒྱང་རིང་བའི་ཕྱིར་དྲན་ཙམ་དུ་གྱུར།།

༼ སློབ་མ། དཔལ་ལྡན།༽