国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་རང་སྐྲུན་སྡོད་ཁང་ཉེན་མེད་ལས་ཀའི་ཆེད་དོན་བཅོས་སྒྲིག་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག།

མི་རིག་ས་མེད་ལ་གཙོ་གནད་ཞིབ་བཤེར་ཡོད་པ། ཁྱོན་ཡོངས་ལ་ཁེབས་ཤིང་དམིགས་བསལ་ཆད་ལྷག་མེད་པ་བྱ་དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ5པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གཙོ་འགན་བཞེས་ནས་ཁུལ་ཡོངས་ཀྱི་རང་སྐྲུན་སྡོད་ཁང་ཉེན་མེད་ལས་ཀའི་ཆེད་དོན་བཅོས་སྒྲིག་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་ཀྱི་རང་བསྐྲུན་སྡོད་ཁང་ཉེན་མེད་བཅོས་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་མགྱོགས་མྱུར་དུ་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ནས། རང་ཁུལ་གྱི་ཆེད་དོན་བཅོས་སྒྲིག་ལས་ཀ་བཀོད་སྒྲིག་བྱས་པ་རེད།

ཧྥུང་ཧྥ་ཀུའེ་ཡིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་རྒྱུན་འཁྱོངས་བྱས་པ་དང་། ཉེན་མེད་ལས་དོན་སོགས་སྒུག་མི་རུང་དང་འགོར་མི་རུང་བའི་འདུ་ཤེས་བརྟན་པོ་བཅངས་ནས། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་སེམས་བཅངས་ནས་འཕེལ་རྒྱས་དང་ཉེན་མེད་གཅིག་གྱུར་འཆར་འགོད་བྱས་ཏེ།རང་བསྐྲུན་སྡོད་ཁང་གི་ཉེན་མེད་བཅོས་སྐྱོང་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དངོས་སུ་དམ་འཛིན་ཡག་པོར་བྱ་དགོས། སྡོད་ཁང་ཉེན་མེད་ཀྱི་མ་མཐའི་མཚམས་ཐིག་དམ་པོར་བསྲུངས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)