国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོའི་ཟླ4པའི་ཚེས8ཉིན་གྱི་རི་སྐོར་དུས་ཆེན་འདི་ལྟར་རོལ།

སྤྱི་ཟླ5པའི་ཚེས8ཉིན། 2022ལོའི་དར་མདོའི4པའི་ཚེས8ཉིན་གྱི་དུས་ཆེན་ཏེ་ཕག་མོ་རི་བོ་བསྐོར་བའི་འདུ་ཚོགས་དར་མདོར་ཕུན་སུམ་ཚོགས་པའི་ངང་ནས་སྤེལ། ཐེངས་འདིའི་བྱེད་སྒོ་ནི་སྔོན་ཆད་དང་མི་འདྲ་བར་དྲྭ་ཐོག་ནས་ཐད་གཏོང་བྱས་པ་ཞིག་ཡིན་ལ། དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་རིམས་ནད་རྗེས་ཀྱི་དུས་བབ་འོག་གསར་གཏོད་དང་གཟུགས་མེད་རིག་གནས་ཤུལ་བཞག་གསར་པ། ད་སྔའི“དྲྭ་ཐོག་ཡུལ་སྐོར”བྱེད་ཐབས་དང་ཟུང་འབྲེལ་བྱས་ནས“དྲྭ་ཐོག་རི་སྐོར”བྱེད་སྒོ་ཐེངས་དང་པོ་སྤེལ་བ་ཞིག་རེད།

ད་ཐེངས་ཀྱི་རི་སྐོར་འདུ་ཚོགས་ཐོག“དམངས་སྲོལ་གསུང་རབ་ལ་བརྟེན་ནས། གྲོང་ཁྱེར་གྱི་རྩ་བ་བསྐྱར་དུ་མངོན་པ”ཞེས་པ་གཙོ་བོར་བཟུང་ཞིང་། དར་མདོའི་ཟླ་བཞི་པའི་ཚེས་བརྒྱད་ཉིན་གྱི་ཐད་གཏོང་བྱེད་སྒོ་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དར་མདོའི་ས་ག་ཟླ་བའི་ཚེས་བརྒྱད་ཉིན་གྱི་དུས་ཆེན་གཉིས་མཉམ་དུ་སྤེལ་བ་རེད། བྱེད་སྒོ་ཆེན་པོ་གཉིས་ཀྱི་ཐོག་ནས་དར་མདོའི་ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་གྱི་རི་བོ་བསྐོར་བའི་འདུ་ཚོགས་གཟབ་རྒྱས་ཀྱི་རྣམ་པ་སླར་ཡང་མངོན་པ་དང་ཆབས་ཅིག།ཀུན་ལ་ངོ་མཚར་ཆེ་བའི་དམངས་སྲོལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད།

ཨ་རྣམ་ཟླ་བ་སྒྲོལ་མས་བྱེད་སྒོའི་ཉམས་ལེན་གྱི་གཙོ་འགན་ཁུར་ཞིང་། བོད་ཀྱི་རིག་གནས་ཆེད་མཁས་པ་དབང་བློ་དང་ཐའོ་ཡུང་། ཐད་གཏོང་ཁང་གི་ཚེ་དབང་། མཛའ་གཞས་དབྱངས་རྟའི་རྒྱུད་འཛིན་པ་མའོ་ཡུན་ཀང་སོགས་ཐད་གཏོང་གི་བརྙན་མིག་ཏུ་ཞུགས་ནས། དྲྭ་ཐོག་ནས་འདུ་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་མཛེས་ལྗོངས་ཁུལ་བཅུ་གཉིས་དང་། དྲྭ་ཐོག་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་དམངས་སྲོལ་ཚོང་འདུས། དྲྭ་ཐོག་ནས་ཚོང་འདྲེན་རྡལ་ལམ་དང་མཛའ་གཞས་དབྱངས་རྟ་སོགས་རྒྱལ་ཡོངས་ཀྱི་ལྟད་མོ་པར་ཟླ་བཞི་པའི་ཚེས་བརྒྱད་ཉིན་རི་སྐོར་འདུ་ཚོགས་ཀྱི་འབྱུང་ཁུངས་དང་འཕོ་འགྱུར། ཟླ་བཞི་པའི་ཚེས་བརྒྱད་ཉིན་གྱི་རི་སྐོར་འདུ་ཚོགས་ཀྱི་རིག་གནས་ཡུལ་སྐོར་རིན་ཐང་དང་འཕེལ་རྒྱས་ཀྱི་གོ་སྐབས་བཅས་ལ་གྲོས་བསྡུར་བྱས་པ་རེད།

གླེང་རིན་ཡོད་པ་ཞིག་ནི་མཛའ་གཞས་ཐང་ཆེན་དུ་སྤེལ་བའི་དར་མདོའི་ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་གྱི་གྲོང་ཁྱེར་གྱི་དྲན་འཆར་འགྲེམ་སྟོན་ནང་། གཟུགས་མེད་རིག་གནས་ཤུལ་བཞག་དང་། དམངས་སྲོལ་སྲོལ་རྒྱུན། ཡུལ་སྐོར་ཐོན་ཁུངས། ཞིམ་ཟས་སིལ་ཟས་སོགས་དར་མདོ་གྲོང་མཚོན་བྱེད་རང་བཞིན་ལྡན་པའི་གྲོང་ཁྱེར་གྱི་དྲན་འཆར་མངོན་པ་དང་། དར་མདོའི་གྲོང་ཁྱེར་གྱི་འདྲ་པར་རྙིང་པ་རྩ་ཆེན་དང་པར་རིས་མང་པོ་གཅིག་སྡུད་ཐོག་ཉར་ཚགས་བྱས་ཡོད་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། ཆུ་ཚོད3ཙམ་རིང་ལ་ཐད་གཏོང་བྱས་པས་འཕྲིན་སྟེགས་ཧྲིལ་པོར་རིམ་རྩིས་བྱས་ན་དྲྭ་ཐོག་ནས་ལྟད་མོ་ལྟ་མཁན་མི་གྲངས་ཁྲི230ལྷག་ཟིན་པ་དང་། ཁམས་པའི་འཕྲིན་སྟེགས་ཁོ་ནར་ལྟད་མོ་བ་མི་གྲངས་ཁྲི14ཡོད་པ་རེད། དྲྭ་ལམ་ནས་ལྟད་མོ་བས་ད་ཐེངས་ཀྱི་བྱེད་སྒོར་གདེང་འཇོག་བཟང་པོ་ཟམ་མི་ཆད་པར་ཐོབ་པར་མ་ཟད། གཅིག་རྗེས་གཉིས་མཐུད་ངང་སྨོན་འདུན་ཞུས་པ་དང་འབྲེལ་འབྱུང་འགྱུར་དར་མདོའི་རི་སྐོར་གྱི་བྱེད་སྒོར་ཐེངས་གཅིག་ཞུགས་རྒྱུའི་གོ་སྐབས་འབྱུང་རྒྱུ་དང་། དར་མདོའི་ཟླ4ཚེས8ཉིན་རི་སྐོར་འདུ་ཚོགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་དང་དེ་བཞིན་དར་མདོའི་མི་རྒོད་མཚོ་དང་། ར་རྔ་ཁ། པད་མའི་མཚོ་སོགས་མཛེས་སྡུག་ལྡན་པའི་པའི་རང་བྱུང་ཁམས་ཀྱི་ཡུལ་ལྗོངས་ལ་ལྟད་མོར་རོལ་རྒྱུ་ཡིན་ཞེས་བཤད་པ་རེད།

དྲྭ་ཐོག་ནས་གདེང་འཇོག་བཟང་པོ་དང་བསྔགས་བརྗོད་ཡང་ཡང་ཐོབ་ཡོད་ལ། དར་མདོ་གྲོང་གི་གྲོང་མི་ཀྲང་ཡུན་གྱིས་བྱེད་སྒོའི་སྐོར་བྲོ་ཞིག་ལ་བལྟས་རྗེས་གསར་འགོད་པར་བཤད་རྒྱུར། “དེ་རིང་ནི་བརྗེད་པར་དཀའ་བའི་བཞི་པའི་ཚེས་བརྒྱད་ཡིན་ལ། ད་ལོའི་ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་ནི་གསར་གཏོད་རང་བཞིན་ལྡན་ལ་གནམ་གཤིས་ཀྱང་ཡག་པོ་རེད། ང་ཚོ་ནང་མི་ཀུན་ཞོགས་པའི་ཆུ་ཚོད་དགུ་པར་རི་མགོར་སླེབས་པ་ཡིན། ཐེངས་འདིའི་འདུ་ཚོགས་ལ་ལྟད་མོ་བལྟས་ཤིང་སེམས་ཁམས་ལྷོད་ལ་བབས་ནས་སྤྲོ་སྐྱིད་གཏོང་བཞིན་ཡོད”ཅེས་བཤད།

ཉེ་བའི་ལོ་ཤས་རིང་། དར་མདོ་གྲོང་ཁྱེར་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འཕེལ་རྒྱས་བླང་བྱ་ཁག་ལ་ཧུར་ཐག་གིས་དང་ལེན་བྱས་ནས། “འཛམ་གླིང་གི་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན”དང“སི་ཁྲོན་ཡུལ་སྐོར་རྫོང་གྲགས་ཅན”གྱི་ཚོང་རྟགས་ཟམ་མི་ཆད་པར་འཛུགས་སྐྱོང་མཐོར་འདེགས་གཏོང་བ་དང་དུས་མཚུངས་སུ། “ཁྲེང་ཏུའུ་དང་ཁྲུང་ཆིང་ནུབ་རྒྱབ་ཀྱི་མེ་ཏོག་ལྡུམ་ར། བདེ་གསོ་དང་སྤྲོ་གསེང”བཅས་ཟུང་དུ་འབྲེལ་བའི་ཡུལ་སྐོར་བྱ་ཡུལ་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། དེ་དང་ཆབས་ཅིག“རིག་གནས་ཀྱི་ཚ་རླབས”འཕྱུར་བ་ལ་བརྟེན་ནས། ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཀྱི་ཆ་རྐྱེན་དང་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་བཅས་ཟུང་འབྲེལ་བྱས་ཏེ་བརྗོད་བྱ་གཙོ་བོ་སྔོག་འདོན་དང་ཉམས་ལེན་ལ་སྣང་ཆེན་བྱས་ནས་རི་སྐོར་འདུ་ཚོགས་དང་རྒྱལ་སྤྱིའི་མཛའ་གཞས་དུས་ཆེན་སོགས་ཡུལ་སྐོར་བས་ལྟ་འདོད་ལ་ཉན་སྤྲོ་བའི་དུས་ཆེན་གྱི་བྱེད་སྒོ་ཧུར་ཐག་གིས་བཏོད་པས་ཡུལ་སྐོར་ཐད་ལ་འཕེལ་རྒྱས་ཚད་ལས་བརྒལ་བ་བྱུང་བ་རེད། དར་མདོ་གྲོང་ཁྱེར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཆབས་ཅིག་འབྱུང་འགྱུར་དར་མདོའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གསར་གཏོད་དང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་ཐུབ་པའི་ཡིད་ཆེས་དང་རེ་བས་ཁེངས་ཡོད་པ་རེད།།

( ཨོ་རྒྱན་དང་རྣམ་སྲས་ལྷ་མོས་བྲིས་ཤིང་པར་བླངས།)