སྤྱི་ཟླ5པའི་ཚེས16ནས18ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་བཙན་ལྷ་དབྱིས་རིགས་ཡུལ་ཤོག་དང་རྡོ་ལོ་ཡུལ་ཤོག། ས་ཡག་གྲོང་རྡལ། དཀར་ཆུས་གྲོང་རྡལ། ས་ལྔ་ལུང་ཡུལ་ཤོག་སོགས་སུ་ཡུལ་སྡེ་དར་རྒྱས་དང་ཆུ་སྐྱོན་འགོག་སེལ། རིམས་ནད་འགོག་ཟོན། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་ལས་དོན་དང་ཁུལ་ཨུའི་མི་རིགས་ལས་དོན་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་མཛད་པ་རེད། བརྟག་དཔྱད་གནང་རིང་། ཧྲེན་དབྱང་ཐོན་སྐྱེད་རྟེན་གཞི་དང་ཞིང་དུད་དུ་ཕེབས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ། ཆུ་སྐྱོན་འགོག་སེལ་དང་ས་རྒྱུད་གནོད་འཚེ་འགོག་བཅོས། ནགས་ཚུལ་དང་རྩྭ་ཐང་མེ་ཟོན་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་བླངས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་རྫོང་ཡོངས་ཀྱི་མི་རིགས་ཁག་གི་བུ་རྒྱུད་ཚོས་ལག་གདང་སྦྲེལ་ནས་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་དབུལ་པོ་དབུལ་རྐྱང་ཕྱོགས་ཡོངས་ནས་བསལ་ཏེ་དུས་བཀག་ལྟར་འབྱོར་འབྲིང་གི་སྤྱི་ཚོགས་སུ་སྐྱོད་ཐུབ་ཡོད་པ་དང་། འཚོ་བ་གསར་པ་དང་འབད་འཐབ་གསར་པ་བྱེད་པའི་འགོ་འཛུགས་ས་གསར་པའི་མདུན་དུ་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱལ་ཁབ་དང་ཞིང་ཆེན་གྱིས་ཡུལ་སྡེ་དར་རྒྱས་རོགས་སྐྱོར་བྱ་ཡུལ་གཙོ་གནད་རྫོང་ལ་སྲིད་ཇུས་ཀྱི་ཁེ་ཕན་ཡག་པོ་སྤྱད་དགོས་པ་དང་། ཞན་ཆ་དང་ཉམས་ཞན་ས་ལ་དམ་པོར་དམིགས་ཏེ་ཞིབ་བཤེར་དང་ཆད་གསབ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་། ཡུལ་སྡེ་དར་རྒྱས་སྔར་བས་ཡག་པ། མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་བཅས་ཡོང་བ་བྱ་དགོས་པའི་རེ་བ་བཏོན་པ་རེད།
ཁོང་གིས་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས། ཉེན་མེད་ཨང་དང་པོར་གཞག་རྒྱུ་རྒྱུན་འཁྱོངས་དང་།འཕེལ་རྒྱས་དང་ཉེན་མེད་གཅིག་གྱུར་གྱིས་འཆར་འགོད། རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་གྱིས་འཆར་འགོད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་རྒྱུན་མཐུད་ངང་བསྐུལ་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་གཏོང་བའི་ལེ་ཚན་གསར་པ་ཧུར་ཐག་གིས་རྩོམ་ཞིང་། གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་དགོས་ཞེས་ནན་གསུང་གནང་བ་རེད།
བརྟག་ཞིབ་གནང་རིང་། ཧྲེན་དབྱང་ད་དུང་དར་མདོ་གྲོང་ཁྱེར་གྱི་གངས་དཀར་རི་བོ་གྲོང་རྡལ་སེའུ་དགོན་དུ་བསྐྱོད་ནས“འགོག་ཟོན་གསུམ་དང་འགན་ལེན་གཅིག”དང་དགོན་སྡེ་དོ་དམ་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།
ས་ཆ་རེར་སླེབས་དུས། ཧྲེན་དབྱང་གིས་ད་སྔར་རིམས་ནད་བྱུང་ཚུལ་ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བས། རིམ་པ་ཁག་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། རིམས་ནད་འགོག་ཟོན་འཐབ་རྩོད་ཀྱི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་ཏེ“ཕྱི་ནས་ནད་འགོ་བར་འགོག་ཟོན་དང་ནང་དུ་བསྐྱར་དུ་ལོག་པ་འགོག་ཟོན་”གི་སྤྱིའི་ཐབས་ཇུས་དང“འགྱུར་ཚུལ་དང་བསྟུན་ནས་ནད་ན་མཁན་མེད་པའི”སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་ཟོན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་གཙོ་གནད་ས་ཁུལ་ནས་ཁུལ་དུ་ལོག་ཡོང་མཁན་ལ་ཚགས་བཤེར་དང་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་རྒྱག་པ་དང་རིམས་ནད་འགོག་ཟོན་གྱི་སྲུང་ཡོལ་བརྟན་པོ་བསྐྲུན་ནས་ཐོབ་པར་དཀའ་བའི་རིམས་ནད་འགོག་ཟོན་གྱི་གྲུབ་འབྲས་བརྟན་དུ་ཏན་ཏིག་གཏང་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཁུལ་ཨུའི་དྲུང་ཆེ་གཞོན་པ། ཁུལ་ཨུའི་གཞུང་དོན་ཁང་གི་ཀྲུའུ་རེན་ཕུའུ་ཡུང་ཧྥེང་། ཁུལ་ཆུ་བེད་ཅུས་དང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་འབྲེལ་ཡོད་བློ་མཐུན། བརྒྱད་ཟིལ་རྫོང་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་བཅས་འབྲེལ་ཡོད་བརྟག་ཞིབ་ནང་ཞུགས་པ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)
