国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྨྲེང་བས་སྐྱོམ་པའི་དྲན་ཤིང་།

མྱུ་གུ་གསར་དུ་འབུས་པའི་གཞོན་ནུ་མའི་འཛུམ་མདངས།།

བཅུ་དྲུག་ལང་ཚོ་དར་བའི་ཡིད་འོང་གི་མཛའ་གཅུགས།།

ཉེ་ལམ་དགའ་མའི་བརྩེ་འཛུམ་ཡང་ཡང་དུ་དྲན་རུང་།།

སྐྱོ་བ་ཁོག་དུ་བཅུག་ནས་ཐབས་མེད་པར་བུད་འགྲོ།།

ས་མཐའ་འདི་ནས་སྒུག་པའི་ལོ་ཟླ་ནི་གྲངས་མེད།།

སྙིང་སྡུག་པད་མ་འདྲ་བའི་ཞལ་རས་དེ་མ་མཐོང།།

བཅུ་དྲུག་ལང་ཚོ་ཅན་གྱི་ཟུར་མིག་ཅིག་འཕངས་ན།།

ཡིད་འཕྲོག་ལྷ་མོའི་སྣང་བ་འགོག་མེད་དུ་སྐྱེས་བྱུང་།།

མྱུ་གུ་ཁྱེད་ནི་གཙང་བོའི་འགྲམ་ངོགས་ན་སྐྱེས་ཤིང་།།

དྭངས་ཤིང་རྫ་ཆུ་སྔོན་མོས་བསུ་མ་ཞིག་བྱས་ན།།

མྱུ་གུ་གསར་དུ་འབུས་པའི་ལང་ཚོ་འདི་དར་དུས།།

རྫ་ཆུ་མཉམ་འཐུང་བྱེད་པའི་སྐལ་བ་ཞིག་ལོས་ལྡན།།

ཚིགས་དྲུག་སྨྱུག་མ་འདྲ་བའི་སྐྱེ་གཟུགས་དེ་མཐོང་ན།།

ཡིད་སེམས་འཕྲོག་པའི་གཞོན་སྐྱེས་བུ་མོ་དེ་ཁྱོད་རེད།།

སྐད་ངག་ཁུ་བྱུག་འདྲ་བའི་གསུང་སྐད་འདི་སྒྲོག་ན།།

ང་རང་རང་དབང་མེད་པར་ཁྱེད་ཕྱོགས་སུ་འཁོར་བྱུང་།།

མི་རྟག་འཁོར་བའི་གྲོང་དུ་གཏམ་རྒྱུད་འདི་ཐོས་ན།།

བསྐལ་བ་བརྒྱ་སྟོང་དུ་མའི་ལོ་རྒྱུས་ཤིག་ལྡན་རུང་།།

ཡིད་སེམས་ཁྱེད་ལ་འཁོར་བའི་འབྲོག་ཐང་གི་བུ་མོ།།

འཇོ་སྒེག་ཅན་གྱི་ན་ཆུང་སྒེག་ལྡན་མ་དྲན་བྱུང་།།

༼ རྩེ་ཐང་བློ་སྨྱོན།༽