国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྒེའུ་ཁུང་འགྲམ་གྱི་ཕྱི་ རོལ་འབྲེལ་གཏམ།

སྤྲིན་དཀར་ཚོམ་བུས་ཉི་ཟླ་ཟུང་ནི་བཀབ། །

ཨ་སྔོན་ཡངས་པོའི་ཞལ་རས་གཞན་གྱིས་སྒྲིབ། །

ཁ་བ་ཁ་ཁེར་རི་ལུང་མཚམས་སུ་འཐོར། །

རླུང་བུ་སིལ་སིལ་ཕྱི་རོལ་ཅུང་ཟད་གཡུག །

འཁོར་རིགས་མང་པོ་བྱ་ཁྱུ་བཞིན་དུ་འཕུར། །

ཚོང་པ་མང་པོ་སྦྲང་མ་བཞིན་དུ་སྤུངས། །

གཟི་བྱི་དག་མིན་མང་པོ་ཕར་ཚུར་བརྗེ། །

སུ་ཡི་སེམས་ཀྱི་སྒྱུ་འཕྲུལ་སྤྲུལ་ཤེས་པ། །

དེ་ལ་སྤྱང་པོ་ཞེས་ཀྱང་ཐ་སྙད་བཏགས། །

མི་རྣམས་འཇིགས་པའི་སྔུར་བ་ཤུར་ཤུར་དུ། །

དུས་རབས་གསར་པའི་འགྲན་རྩོད་བར་ནས་འདུར། །

དར་སྲོལ་གསར་མའི་བྲོ་གར་བསླབས་ཤིང་འདུར། །

སུས་ཀྱང་རང་གི་བརྗོད་པར་གནས་ལུགས་ཀྱི། །

བདེན་པའི་ཚིག་ཏུ་ངོས་འཛིན་་བྱེད་པ་ཡིན། །

ལམ་གྱི་དམིགས་ཐག་རིང་ཐུང་མ་ལྟོས་པའི། །

ཀུན་ཀྱང་བདེན་ཚིག་ཡིན་པའང་ལ་ཐང་མེད། །

སྦྲང་ཆར་ངོས་སུ་འབྲོང་གི་རྗེས་རིས་དོད། །

གྲོགས་པོའི་ངག་ནས་སང་ངེ་དབྱངས་སུ་འཐེན། །

ཐ་སྙད་སྡེབ་སྒྲིག་བྱང་རྩལ་མ་ཆུབ་པའི། །

དགའ་མོས་འཚོ་བ་འདི་ཡང་བཙན་གྱིས་གཉེར། །

རྒྱ་ཇའི་བྲོ་བ་མངར་ལ་ཞིམ་པ་དང་། །

དབྱངས་རྟ་གཉོམ་པོ་ཕྲ་ལ་རིང་བ་དང་། །

ཚིག་གི་སྒྱུ་འཕྲུལ་ཟབ་ལ་བརླིང་བ་སོགས། །

སྒྱུ་རྩལ་སྤྲིན་པའི་འགྱུར་བ་འདི་དག་གིས། །

སེམས་ཀྱི་རྟ་མཆོག་འདུལ་སྟངས་གཞན་བྱས་ཤིང་། །

རྣམ་ཤེས་འབྱིད་བདའ་འགྲོས་ལུགས་གཞན་ཡིན་ཕྱིར། །

བརྗོད་བྱ་གསར་པའི་དགའ་སྟོན་སྦྲང་ཆར་ལྟར། །

མཐའ་མེད་ཟད་མེད་ཐང་མ་མཐའ་རུ་བརྡལ། །

སྦྲང་མ་ཞིག་ལ་སྙིང་གཏམ་དྲི་བསུང་ཕུལ། །

བཞད་གར་གཏམ་གྱི་ཆར་ཡང་ཉུང་ཉུང་ཕབ ། །

སེམས་ལ་ལྷུང་བའི་སྦྲང་མ་མེ་ཏོག་སྟེ། །

འདང་དང་བརྩེ་བའི་ཁ་དོག་གཞན་ཡང་མཐོང་། །

༼ སྒ་ངག་ཆོས། ༽