ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་རྩལ་ནུས་སྔར་བས་ཆེ་རུ་བཏང་ནས་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏང་ཆེད། ཉེ་ཆར། དཔལ་ཡུལ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་འཛིང་ཁོག་ཡུལ་ཤོག་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་བྱས་ནས། དཀར་མཛེས་ཁུལ་ལུང་དབྱང་ལག་རྩལ་སློབ་གྲྭའི་ཆེད་ལས་དགེ་རྒན་གདན་དྲངས་ཏེ་འཛིང་ཁོག་ཡུལ་ཤོག་བ་ཡག་གྲོང་སྡེ་རུ་དུས་ཡུན་ཉིན30རིང་ལ་འཚེམ་བཟོའི་ལག་རྩལ་གསོ་སྦྱོང་བྱས།
གསར་འགོད་པས་བ་ཡག་གྲོང་སྡེའི་ཏང་མིའི་བྱེད་སྒོ་ཁང་དུ་སླེབས་མ་ཐག་ཏག་ཏག་ཏག་ཅེས་པའི་འཚེམ་འཕྲུལ་གྱི་སྒྲ་ཡང་ཡང་ཐོས། མུ་མཐུད་མདུན་དུ་བསྐྱོད་པ་ན། གྲལ་སྟར་འགྲིག་པའི་འཚེམ་བུའི་འཁོར་ལོ་བཅུ་ཕྲག་ཁ་ཤས་ཀྱི་མདུན་དུ་བ་ཡག་གྲོང་སྡེའི་ཞིང་འབྲོག་མང་ཚོགས་རྣམས་དགེ་རྒན་གྱི་ཁྲིད་སྟོན་འོག་འཚེམ་བཟོའི་ལག་རྩལ་སྦྱོང་བཞིན་པ་མཐོང་།
གསོ་སྦྱོང་བྱེད་རིང་། སློབ་ཁྲིད་དགེ་རྒན་གྱིས་རིགས་པའི་གཞུང་ལུགས་དང་དོན་དངོས་བཀོལ་སྤྱོད་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སློབ་མ་ཚོར་འཚེམ་བཟོའི་ཡོ་བྱད་བེད་སྤྱོད་བྱེད་སྟངས་དང་བཀོལ་སྤྱོད་བྱེད་སྟངས་ཐད་ནས་འགྲེལ་བཤད་ཞིབ་ཚགས་བརྒྱབ་མཐར་སློབ་མ་ཚོས་འཚེམ་བཟོའི་རྩལ་ནུས་ཁོང་དུ་ཆུད་ཡོད།
དཔལ་ཡུལ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ནི་གཙོ་བོར་དཔལ་ཡུལ་རྫོང་གི་གྲོང་སྡེའི་ངལ་རྩོལ་ནུས་ཤུགས་དང་དབུལ་ཐར་མང་ཚོགས་ལ་དམིགས་པ་ཡིན་ཞིང་། ད་སྔར་འཛིང་ཁོག་ཡུལ་ཤོག་ཏུ་འཚེམ་བཟོ་དང་འདེབས་འཛུགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉིས་བཙུགས་ཡོད། ཕྱིན་ཆད་ཡུལ་ཤོག་གྲོང་རྡལ་ཁག་གིས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་དང་ཡུལ་སྡེ་དར་རྒྱས། ཁོངས་ཡོངས་ཡུལ་སྐོར།གཙོ་གནད་ཨར་སྐྲུན་ལས་གཞི་སོགས་དང་ཟུང་འབྲེལ་བྱས་ནས་མི་རིགས་ལག་ཤེས་བཟོ་རྩལ་སོགས་དར་སྤེལ་གཏང་རྒྱུ་རེད།
འཛིང་ཁོག་ཡུལ་ཤོག་བ་ཡག་གྲོང་སྡེའི་ཡུལ་མི་བཀྲ་ཤིས་ཀྱིས་ང་གསོ་སྦྱོང་ལ་ཞུགས་རྗེས་རྩལ་ནུས་ཁོང་དུ་ཆུད་པ་དང་། ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་རྒྱ་ཆེར་ཕྱིན་སོང་། དེའི་རྗེས་ནས་རང་ཉིད་དང་ཁྱིམ་མིར་གྱོན་གོས་སྟབས་བདེ་ཞིག་ཀྱང་བཟོ་ཐུབ་བྱུང་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་དཔལ་ཡུལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ལས་ཞུགས་ཐག་གཅོད་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བསྐུལ་བ་དེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་ཡུལ་སྡེ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་བྱས་ཤིང་། ཁྲོམ་རའི་དགོས་མཁོ་དང་ངལ་རྩོལ་པའི་དོན་དངོས་གནས་ཚུལ་ལ་དམིགས་ནས། གསོ་སྦྱོང་གི་ལས་གཞི་བདམས་པ་དང་འཆར་གཞི་བཟོ་བ་སོགས་བྱ་ཐབས་འདྲ་མིན་སྤྱད་དེ་ཞིང་འབྲོག་མང་ཚོགས་ཀྱི་འབྱོར་ཕྱུག་སྤེལ་ནུས་ཆེ་རུ་བཏང་ཡོད་པ་རེད།།
( ཀུན་དགས་བསྒྱུར།)