ཚེས24ཉིན་ལ་གསར་འགོད་པས་སྡོད་ཁང་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ཀྱི་གཏན་འབེབས་ལྟར། སྡོད་ཁང་སྤྱི་གསོག་མ་དངུལ་འགྱངས་སྤྲོད་ཀྱི་རེ་ཞུ་བྱེད་ཆོག་པ་དང་། དུས་ཚད་ཚང་རྗེས་གསབ་སྤྲོད་བྱེད་ཆོག་གི་ཡོད་པ་རེད། དེའི་རིང་ལ་འཇལ་སྤྲོད་བྱེད་མཁན་ལས་བཟོ་པས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་རྒྱུན་ལྡན་ལྟར་ལེན་པ་དང་དངུལ་བུན་གཏོང་རེ་ཞུ་བར་འགྱངས་སྤྲོད་ཀྱི་ཤུགས་རྐྱེན་མི་ཐེབས་པ་རེད།
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། ནོར་སྲིད་པུའུ། མི་དམངས་དངུལ་ཁང་བཅས་ཀྱིས་ཉེ་ཆར《སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དུས་མཚམས་རང་བཞིན་གྱི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཤིང་། བརྡ་ཐོའི་ནང་བསྟན་དོན། ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཐེབས་པའི་འཇལ་སྤྲོད་མཁན་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་རྒྱུན་གཏན་བཞིན་འཇལ་མ་ཐུབ་ཚེ། དུས་བཀག་ལས་ཡོལ་བར་མི་བརྩི་བ་དང་། དུས་བཀག་ལས་ཡོལ་བའི་ཟིན་ཐོར་བརྩིས་ནས་ཡིད་རྟོན་སྡེ་ཁག་ལ་ཡར་ཞུ་མི་བྱེད།
ས་གནས་ཁག་གིས་ས་གནས་དེ་གའི་ཁང་གླའི་ཆུ་ཚད་དང་ལུགས་མཐུན་གྱི་ཁང་གླའི་རྒྱ་ཁྱོན་ལ་གཞིགས་ནས། སྡོད་ཁང་སྤྱི་གསོག་མ་དངུལ་ཁང་གླར་ལེན་པའི་དངུལ་གྲངས་མང་དུ་གཏོང་ཆོག་པ་དང་། དངུལ་འཇལ་སྤྲོད་མཁན་གྱི་དགོས་མཁོ་ལྟར་དངུལ་ལེན་པར་རྒྱབ་སྐྱོར་བྱས་ནས། དངུལ་འཇལ་མཁན་གྱིས་ཁང་གླ་སྤྲོད་པའི་དོན་དངོས་ཀྱི་དགོས་མཁོ་སྔར་བས་སྐོང་ཐུབ་པ་བྱ་དགོས།
བརྡ་ཐོའི་ནང་བསྟན་དོན། གོང་གསལ་གྱི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པའི་དུས་བཀག་དེ་གནས་སྐབས་སུ2022ལོའི་ཟླ་བ12ཚེས31ཉིན་བར་གཏན་འཁེལ་བྱས་ཡོད། ས་གནས་ཁག་གི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་སོགས་ཀྱི་ཐབས་ལམ་བརྒྱུད་དེ། ལས་སྒོ་དེ་བས་མང་བ་དྲྭ་ཐོག་ནས་གཉེར་ཏེ་རིམས་ནད་ཐོན་རིང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཞབས་ཞུ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་དགོས།།( མི་དམངས་དྲ་བ་ནས་དྲངས།)