(ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་སུམ་བརྒྱ་ང་གཅིག་པའི་པར་ངོས་གཉིས་པའི་འཕྲོར་མཐུད། )
གསུམ་པ། ལྡེར་སྐུ།
རྒྱུ་འཇིམ་པ་ལ་བརྟེན་པའི་ལྡེར་བཟོ་ནི། སྲོལ་རྒྱུན་ལྟར་ན་ས་དམར་འཇིམ་པ་ཁོ་ནས་ཆོག་པ་མ་ཡིན་པར་དེ་ལ་གནས་ཆེན་དག་གི་ས་སྣ་ཆུ་སྣ་བཤལ་སྨན་མ་ཡིན་པའི་སྨན་ཆེན་དང་རིན་པོ་ཆེའི་རིགས་ཀྱི་ཕྱེ་མ། གང་བཞེང་བར་བྱ་བའི་ལྷ་དེའི་མཚན་སྔགས་འབུམ་ཐེར་དང་དུང་ཕྱུར་ལ་སོགས་པ་གྲུབ་པའི་ས་སྔགས་སོགས་བསྲེ་དགོས་པར་བཤད་ཀྱང་། དེ་འཛོམས་མིན་ནི་ཡོན་བདག་གི་སྟོབས་འབྱོར་དང་བརྩོན་པ་ལ་རག་ལས་པ་རེད།
དེ་ཡང་ཐོག་མར་རྒྱུ་དང་རྒྱུ་འདུལ་ནི། ལྡེར་བཟོའི་རྒྱུ་ལ་ས་གང་ཡིན་དང་ས་དམར་ཡིན་ཚད་རྒྱུར་མི་རུང་བས། རྒྱུ་ས་དམར་རམ་ཡང་ན་ལྷའི་ས་ཞེས་བརྗོད་པ་རྒྱུ་སྣ་རིང་ཞིང་འབྱར་རྩི་ཅན། འཁུམ་ཆུང་ཞིང་གས་དཀའ་བ། བ་ཚྭ་དང་བྱེ་གཟེགས་ཀྱིས་མ་ལྷད་པ། མདོག་སྣུམ་ཞིང་དྲི་མ་བྲལ་བ་བཅས་ཡིན་དགོས་ཤིང་། དེ་ལྟ་བུའི་ས་རྒྱུ་འཛོམས་རྗེས་རྡོ་གཅལ་ངོས་སྙོམས་གཙང་མའམ་ཤིང་གདན་གཙང་མ་ལ་བླུགས། དཀྱིལ་གཤོང་བུར་བྱས་པར་ཆུ་བླུགས་ཏེ་འཇོག། ཆུ་སིམ་རྗེས་གང་བསྲེ་བར་འདོད་པའི་རྫས་སྣ(རིན་པོ་ཆེ་དང་སྨན་སྣ་སོགས)བླུགས་ཏེ། སྲ་རྒྱུན་ཅན་གྱི་གཏུན་ཤིང་གིས་བརྫི་བརྡུང་ཡང་ཡང་བྱ། བཞེང་བྱའི་སྐུ་ལོངས་སྐུའམ་ཆུང་བའི་རིགས་ཡིན་ན་དེའི་རྒྱུ་འདུལ་ལ་ཤོག་བུ་སྲབ་མོ་དང་རས་བལ་གྱི་རིགས་བསྲེ་ལ། བསྲེ་ཚད་ཉུང་ན་མི་བཟང་ཞིང་འབྱོར་ཚེ་མང་ན་རབ། ཚད་བརྟག་ཚུལ་ནི། འདམ་ལག་པས་བཅད་ན་ལུས་ཀྱི་བ་སྤུ་ལྟར་ཟིང་ངེར་ཡོད་ན་ལེགས་པའི་ཚད་དུ་བཤད། བཞེང་བྱའི་སྐུ་ཆེ་བའང་སྐུ་ཉམས་རགས་པའི་རིགས་ཡིན་ན་རས་བལ(སྲིང་བལ)ཞིབ་མོར་གཏུབ་པ་ཅན་བསྲེ་ཡང་རུང་། བསྒོས་ལེགས་པ་བྱུང་རྗེས་ཆུ་ཤོག་གི་སྣོད་དུ་བཅུག་སྟེ་འཇོག་པར་བྱེད།
ཚད་ནི། བཟོ་བོ་རང་གིས་སྐུའི་ཆེ་ཆུང་ཇི་འདྲ་ཞིག་བཞེང་འདོད་པའི་ཚད་ཡིད་ལ་བྱས་ཏེ། ཞལ་ཕྱག་གཉིས་ཐོག་མར་བཞེང་དགོས། དེས་ན་འདིར་སངས་རྒྱས་བཞུགས་སྐུ་དཔེར་བཀོད་དེ་བཤད་ན། དབྱུ་གུའི་རུས་ཤིང་ལ་རས་ཐིག་གིས་དྲུ་གུར་བཅིངས། དེ་དབུ་གཟུངས་འབུལ་བདེ་བའི་ཆེད་དུ་དམིགས་པ་སྟེ། རུས་ཤིང་ཕྱིར་ལེན་སླ་བའི་ཐབས་སུ་རས་ཐིག་ནང་སྣེ་ཕྱིར་མངོན་པར་བྱས་པའི་སྟེང་དུ་འཇིམ་པས་གཡོགས་ཏེ་དབུ་བཞེང་བའི་ལས་བརྩམ། དབུའི་མཐོ་དམའ་དང་བཅས་པའི་ཚད་ནི་གཞུང་ལུགས་ལྟར་བཞེང་བར་བྱ་དགོས།
དེ་ནས་ལྡེར་བཟོའི་སྐབས་སུ་ཆེས་གལ་ཆེ་བའི་ལས་རིམ་ཞིག་ཡོད་པ་ནི་དབུར་བཟོ་སྟེ། དེས་གང་བཞེང་བའི་རི་མོ་དེའི་ཚུགས་དང་རྣམ་འགྱུར་འདོན་པ་དང་། འཇམ་ཤ་དོད་པ། བཀྲག་མདངས་འབྱིན་པ་ལ་བརྡར་བཟོ་ནི་མེད་མི་རུང་བས་ན། ཐོག་མར་རི་མོའི་ཕྱི་ཚུགས་རྣམ་འགྱུར་དང་བཅས་པ་རགས་པ་ཞིག་མཛུབ་མོ་ཁོ་ནས་བཞེངས། སྐབས་དེར་མཉམ་གཞག་བྱའི་གནད་ནི་སྐུ་གཟུགས་སྤྱིའི་ཚུགས་དེ་ཆ་ཚད་ལྟར་ཡོང་ཡོད་མེད་དང་འཇིམ་པ་སྔ་གཞུག་འདྲེས་ཡོད་མེད་ལ་ལྟ་བ་ནི་གནད་ཀྱི་དོན་པོའོ།།
སྤྱིའི་ཕྱི་ཚུགས་ལེགས་པོ་ཞིག་བྱུང་རྗེས་དབུར་བརྡར་རྩུབ་ཞད་ཅུང་རན་པ་ཞིག་གིས་གཅིག་ནས་འབུར་ཀོང་སྙོམས་པ་དང་། གཉིས་ནས་སྐུ་ཤ་དང་ན་བཟའི་གཉེར་རིས་དང་བཅས་པའི་རི་མོ་ཕལ་མོ་ཆེ་འདི་ལ་བརྟེན་ནས་བཞེངས་བཟོ་བྱ་དགོས། དེ་ལེགས་པར་གྲུབ་རྗེས་ཅུང་བསྐམ་པར་བྱ། ཅུང་མྱུར་བར་བསྐམ་དགོས་བྱུང་ན་སྐུའི་ནང་རོལ་ཏུ་མེ་འདག་ཉུང་ཙམ་འཇོག །དེ་བས་ཀྱང་མྱུར་དགོས་ན་མགྲིན་ཁ་རས་ཀྱིས་གཅད་ཆོག་ཀྱང་མེ་སྦར་མི་རུང་ངོ་།།
བསྐམས་པ་གྲུབ་སྟེ་ཅུང་སྲ་ཆགས་པ་ན་རས་བརླན་ཅན་ཞིག་སྐུའི་ཕྱི་ངོས་སྙོམས་པར་ལན་ཏེ་བཤེར་བར་བྱས་རྗེས་འཇམ་དབུར་ལ་གཞུག །སྐབས་འདིར་ལག་ཏུ་བླང་བྱ་ནི་དབུར་བརྡར་འཇམ་ཤ་ཅན་ཏེ། དེས་སྐུ་གཟུགས་ཧྲིལ་བོ་འཇམ་ཤ་དོད་ཅིང་རྒྱན་གོས་ཀྱི་མཛེས་ཉམས་འདོན་པ་གལ་ཆེ་ལ། ལྷག་པར་གསེར་དང་ཚོན་ལ་བཀྲག་མདངས་འབྱིན་པའི་རྩ་བའི་རྨང་གཞི་འཇུམ་བུར་རག་ལས་པའི་ཕྱིར་ཤུན་ཏུ་གཟབ་བོ།།
མཐར་སྦྱིན་ཆུ་རིམ་པ་ཞིག་འབྱུག། དེ་ནས་འབྱོར་ན་སིནྡྷུ་ར་རིམ་པ་ཞིག་འབྱུག། དེ་བསྐམས་པ་ན་ཐོང་བྱུག་སྐམས་ལ་ཉེ་ཙམ་ན་གསེར་ཤོག་སྦྱར། སྦྱར་སྔ་ན་གསེར་མདངས་ལ་གནོད་པས་དེའང་གཟབ་དགོས་པའོ།།
བཞི། རྐོ་བཟོ།
རྐོ་བཟོའི་ལག་རྩལ་འདི་ཡང་བོད་ཀྱི་མཛེས་རིས་སྒྱུ་རྩལ་གྱི་གྲུབ་ཆ་གཙོ་བོ་ཞིག་སྟེ། ད་ལྟའི་བར་དུ་གངས་ལྗོངས་སུ་དར་ནས་མི་ལོ་ཆིག་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་དེ། ལོ་རྒྱུས་སུ་སྲོང་བཙན་བཞེངས་བཟོར་གྲགས་པ་ཤར་རྒྱལ་མོ་ཚ་བ་རོང་གི་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་ནང་རྫོང་རྡོ་སྐུ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཤིང་བརྐོས་སེང་གེ་བརྒྱ་རྩ་བརྒྱད་ཀྱི་སྣང་བརྙན་སོགས་མང་བར་མ་ཟད། ཁྲི་སྲོང་སྐབས་རྐོ་བཟོ་མཁས་པ་ཨུབ་ས་ཉག་བྲེད་ཤབ་དང་། ཤོད་ལེགས་ཀོང་སོགས་གྲགས་ཆེ་བ་བྱོན་མྱོང་། དེ་བས་རྐོ་བཟོ་ནི་བོད་རིས་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེས་དུས་རབས་རིམ་བརྒྱུད་ཀྱི་ལོ་རྒྱུས་ཁྲོད་བོད་ཡུལ་ལ་གཟི་འོད་འབར་བའི་དཔལ་ཡོན་བསྐྲུན་ཡོད། བོད་རིས་རྐོ་བཟོ་ལ་དབྱེ་ན་རིན་པོ་ཆེའི་རྐོ་བཟོ་དང་། གྱོ་དང་རྡོ་རྐོ། ཤིང་རྐོ་བཅས་ཡོད་ལ། དེ་རེ་རེ་ལའང་བྱེ་བྲག་ཏུ་དབྱེ་བ་མང་ངེས་སོ།།
༡.རིན་པོ་ཆེའི་རྐོ་བཟོ།
གཡུ་བྱུར་མརྒད་རྡོ་ཤེལ་སོགས་རིན་པོ་ཆེའི་རིགས་ཀྱིས་སྐུ་གཟུགས་བྱ་འདོད་ཚེ་གཤག་འདུག་བརྡར་གསུམ་བྱ་དགོས་པས། དེ་ལ་མཁོ་བའི་ཉེར་སྤྱད་ནི་སྔོན་གྱི་གདམས་པ་ལྟར་བཀོད་ན། གཅོད་འདུག་བྱེད་པའི་རྒྱུ་རབ་ན་རྡོ་རྗེ་ཕ་ལམ་དང་། དེ་མ་འབྱོར་ན་ཀོ་རང་ཕྱེ་མ་ཡང་ཆོག །ཟངས་ཀྱི་གསོར། ཟངས་ཀྱི་གྲི། སྒྲོ་སེར་སྦྱིན། ལྕགས་ཐུར་རྩེར་འབེར། ཀོ་རྡར་སོགས་དགོས་པར་བཤད་དོ།།
ལག་ལེན་ནི། ཚད་ཅི་འདྲ་ཞིག་ཁ་བཞེང་འདོད་པའི་སྐུ་འདྲ་ཡིད་ལ་བྱས། གཤག་འདུག་དང་ཆེ་ཆུང་དབྱིབས་ཚུགས་ཚད་སོགས་ཡིད་ཚོད་བཟུང་སྟེ་ལག་ལེན་དངོས་ལ་འཇུག་སྐབས་གཅོད་འདུག་གི་རྒྱུ་བཟང་བོ་ནི་རྡོ་རྗེ་ཕ་ལམ་སྟེ། དེ་འབྱོར་ན་རབ་ཡིན་ཡང་མ་བྱུང་ན་ཀོ་རང་ཡང་ཆོག །དེ་འཛིན་བྱེད་ཟངས་ཀྱིས་བྱེད། ཀོ་རའི་ཕྱེ་མ་མི་འཐོར་བ་རླན་གྱིས་འཛིན་པས་གཤག་བྱའི་རིན་པོ་ཆེའི་ཆེ་ཆུང་ལ་གཞིགས་ཏེ་ཀོ་ཕྱེ་རྩིང་ཞིབ་གང་རུང་དུ་འཐག །དེ་ཟངས་གྲི་ཡུ་བ་དང་བཅས་པར་རླན་བྱུགས་རྗེས་སུ་སོག་ལེས་ཤིང་དྲ་བ་བཞིན་དྲས་པ་སྲ་ཆོད་འོང་། བུག་ནའང་དེ་མཚུངས་སུ་ཟངས་གསོར་གྱི་སོར་ཀོ་ཕྱེ་བླང་སྟེ་དབུག །གཤག་དབུག་གི་སྐབས་འདྲེད་ཤུད་ཀྱིས་མི་ཚུགས་པ་བྱུང་ན་བཅོས་གནས་སུ་སྒྲོ་སེར་སྲབ་མོ་སྤྱིན་ཆུས་སྦྱར་ན་བརྟན་འོང་། བུ་གའམ་མིག་རྙིང་ཡངས་པོར་བཤང་ན། ཟངས་སྐུད་ཕྲ་སྦོམ་འཚམ་པ་བུ་གར་ཆུད་པ་ལ་ཀོ་ཕྱེ་བྱུགས་ནས་བཤང་། བརྡར་དགོས་ན་བརྡར་བྱའི་རིན་པོ་ཆེ་དེ་ལྕགས་ཐུར་རྩེར་འབེར་གྱིས་སྦྱར་ནས་ཀོ་རྡར་ལ་བརྡར་རོ།།
ཀོ་རྡར་བཟོ་ཚུལ་ནི། ལ་ཆའི་ཕྱེ་མ་ཆ་གསུམ་ལ་ཀོ་རའི་ཕྱེ་མ་ཆ་གཅིག་བསྲེས་ནས་གླ་ཧེལ་ནང་དུ་ལྷོད་པར་བཏུམ། ཆུ་ཚ་མོའི་ནང་དུ་བཙོ། ཞུ་ཚེ་ཕྱི་ནས་འདྲེས་པར་མཉེ་ལ་བཟོ་ལྟ་བཅོས། དེ་གྲང་ནས་ཆུ་འཁྱག་གིས་བྲན་ཞིང་བརྡར་གང་དགོས་ལ་གང་འཚམ་ལྟར་བརྡར་རོ།།
གོང་གི་རིན་ཆེན་གཤག་འབུག་བརྡར་གསུམ་བྱ་ཐབས་འདི་ནི་བོད་ཀྱི་སྲོལ་རྒྱུན་ལག་རྩལ་ལྟར་བཀོད་པ་ཡིན་ལ། དེང་གི་དུས་སུ་རིན་པོ་ཆེ་གང་ཞིག་གཅད་གཏུབ་བྱ་དགོས་ནའང་སྔོན་གྱི་ལག་ཆས་ཆེ་ཆུང་གང་མང་བྱུང་ཡོད་པ་དང་། སྦྱོར་བྱེད་ལ་སྤྱིན་ལས་འདས་པའི་བཟང་པོ་མང་དུ་བྱུང་ཡོད་པ་དེ་དང་དེ་དག་བརྟག་ནས་གང་འཚམ་དུ་བཀོལ་ན་ཤིན་ཏུ་ལེགས།
༢.རྡོ་རྐོ།
རྡོ་རྐོ་ལའང་གྱོ་རྐོ་དང་། རྡོ་རྐོ། བྲག་རྐོ་བཅས་གསུམ་འདུ་བ་ལས། གྱོ་རྐོ་ནི་གྱོ་མོ་སྔོན་པོ་ལ་རི་མོ་སྣ་ཚོགས་བཞེངས་པར་བྱེད་པ་དེ་ཡིན་ཞིང་། རྐོ་བྱའི་རྒྱ་མོ་ནི། རྒྱུན་སྤྱོད་ཀྱི་སོ་ཕག་དམར་པོ་སོགས་མི་རུང་བར་བཙོ་བསྲེགས་འོས་འཚམ་བྱས་པ་ལ་གཟོང་སོགས་ཀྱིས་ཤིང་ལ་རི་མོ་དོད་པ་ལྟར་གཞོག་གཏུབ་དབུག་བརྡར་གྱི་ཐབས་ལ་བརྟེན་ནས་མཛེས་རིས་བཞེངས་བཀོད་བྱེད་པ་དེའོ།།
རྡོ་རྐོ་ལའང་གསུམ་སྟེ། རྡོའི་སྐུདང་། རྡོ་ལེབ་ལ་རི་མོ་འབུར་གཟུགས་སུ་རྐོ་བ་དང་གཤོང་བར་རྐོ་བ་བཅས་སོ།།འདི་གསུམ་ག་ཐོག་མར་རྒྱུ་འཇམ་སོབ་ཀྱི་རྡོ་ཀ་མ་རུ་སོགས་འབྱོར་བ་ན་རྡོ་གཟོང་ཕྲ་མོ་དང་ཐོབ་ལ་བརྟེན་ནས་རྐོ་བཞེང་བྱེད་པ་སྟེ། ཐོག་མར་རྡོ་རྒྱུ་བརྟག་པ་གལ་ཆེ། དེ་མིན་རང་གི་ལག་རྩལ་ལ་རག་ལས་པ་སྟེ་གཞན་རྣམ་གཞག་ཆེར་མེད། བྲག་རྐོ་ནི་རྐོ་རིམ་གྱི་སྤྱི་ཁོག་རྡོ་རྐོ་དང་འདྲ་ལ། རྡོ་རྒྱུ་བཟང་བའི་བྲག་ལ་ཐིག་བཏབ། དེ་ནས་རི་མོ་དང་ཡི་གེ་རྐོ་བཞེང་བྱེད་པར་བྱའོ།
༣.ཤིང་རྐོ།
ཤིང་རྐོ་ནི་རྒྱུ་ཆས་ཙན་དན་དང་། ཤུག་པ། སྟག་པ། གསོམ་ཤིང་སོགས་བྱས་པ་ལ་རི་མོ་སྣ་ཚོགས་རྐོ་བཞེང་བྱེད་པ་ནི་ཤིང་རྐོའི་ལག་རྩལ་ཏེ། དེ་ལ་ཤིང་སྐུ་རྐོ་བ་དང་། ཤིང་དཔར་རྐོ་བ། ཤིང་གི་རྒྱན་རིས་པ་ཏྲ་རྐོ་བ་བཅས་སྣ་གསུམ་འདུ་བར་བཤད།
(༡)ཤིང་སྐུ། ཤིང་རྒྱུ་འབྱོར་ན་ཙན་དན་དཀར་དམར་དང་། ཤུག་པ། ཨ་གར་སོགས་བཟང་བར་བཤད་ཀྱང་། བཟོ་བོའི་ངོས་ནས་
བཤད་ན་ཤིང་རྒྱུ་སྙི་གལ་ཆེ་བས། སྟར་ཤིང་དང་། གཡེར་བ(མ་གལ་གྱི་ཤིང་མིན)སྟག་པ། ལྩང་མ་སོགས་ཀྱི་ཤིང་བཟང་ཞིང་། དེ་དག་ལའང་གས་པ་དང་འཛེར་ཅན་སོགས་སྐྱོན་མེད་གལ་ཆེའོ། །
དེ་ལ་ཉེར་སྤྱོད་ནི་ཡོ་བྱད་ནི་ཐ་སྙད་དུ་གདགས་སུ་མེད་པའི་གསེག་གྲི་རིང་ཐུང་ཕྲ་སྦོམ་ཅི་རིགས་དང་། འབིག་གཟོང་སོགས་གཅིག་ཏུ་མ་ངེས་པའི་གྲི་རིགས་སྣ་ཚོགས། སྦྱོར་བྱེད་སྤྱིན་སོགས་གང་འོས་དགོས། བཞེངས་རིམ་ནི། བཞེངས་བྱེད་ཤིང་དེ་ལོ་གཅིག་ལྷག་ལ་ས་དོང་དུ་བསྐྱུར་ཏེ་སོབ་ཏུ་བཅུག་རྗེས་ཡང་བསྐྱར་ཆུ་ཚ་མོར་བཙོ། དེས་གས་ཆག་ཡོ་འཆུས་མི་འབྱུང་བར་སྨན། དངོས་གཞི་ལས་ཀྱི་སྐབས་ནི། འབུར་སྐུའི་ཆེ་ཆུང་དང་རྒྱན་གོས་ན་བཟའི་ཁྱད་སོགས་ཀྱིས་མཐའ་གཅིག་ཏུ་འདྲ་མཚུངས་སུ་བཞེང་བའི་ངེས་པ་མེད། དེ་བས། ཆེ་ཚད་འབྲིང་ཙམ་གྱི་ལོངས་སྐུའི་རྣམ་པ་ཅན་ཞིག་ལ་མཚོན་ན། ཐོག་མར་ཞལ་ཕྱག་གཉིས་བཞེངས། དེ་ནས་པད་གདན་གྱི་ཁྲི་བཞེངས། དེ་ནས་སྐུ་སྟོད་སྨད་གཉིས་བཞེངས། དེ་ནས་ཕྱག་དཔུང་དང་ཕྱག་ངར། དེར་མཐུད་རྒྱན་གྱི་བྱེ་བྲག་དང་གཙུག་ཏོར་བཅས་པ་བཞེངས། གྲུབ་རྗེས་སྤྱིན་ཆུས་དམ་པོར་སྦྱར་དེ་གས་སྐྱོན་མི་འབྱུང་ཆེད་རས་རིམ་པ་གཉིས་ལྷག་སྤྱིན་ཆུས་སྦྱར། ཆུང་བའི་རིགས་ལ་མི་སྦྱར། མཐར་ལྡེར་སྐུ་ལྟར་གསེར་སྦྱོར་ཚོན་འབྱུག་ལ་གཞུག་གོ།
(༢)ཤིང་དཔར། ཤིང་དཔར་གྱི་རྒྱུར་ཤིང་ཅུང་སྲ་བ་སྟག་པ་ལྟ་བུ་མཆོག།ཉེར་སྤྱད་ནི་ཕལ་མོ་ཆེ་ཞིག་ཤིང་སྐུ་བརྐོ་བའི་སྐབས་ཀྱི་སྤྱོད་ཆས་དང་འདྲ་ཞིང་། བཞེང་རིམ་ནི། སྟག་པ་སོགས་བཅད་མ་ཐག་པའི་ཤིང་དུམ་བུར་གཏུབ་ལ་ཤ་ལྟར་བཙོ་ཐེངས་མང་དུ་ཆུ་སྙིགས་འཕོ་ཞིང་བཙོས་མཐར་བསྐམས། ཆེ་ཆུང་འཚམ་པའི་དཔར་ཤིང་དྲས་རྗེས་ཤོག་བུ་མཚལ་ཅན་ལ་རི་མོ་ལེགས་པར་བྲིས་པ་བག་ཆུ་ལྡེ་གུ་འཇམ་པོས་ལེགས་པར་སྦྱར། བསྐམས་པ་ན་ཕུར་ཏེ་རི་མོའི་ཤུལ་ཙམ་ལས་མ་ལུས་གཙང་བར་བྱ། དེ་ནས་གང་ལ་གང་འཚམ་གྱི་རྐོ་ཆས་བཀོལ་ནས་བརྐོ་བཞེང་ལ་གཞུག །དཔར་གཞི་ལེགས་པའི་མཚན་ཉིད་ནི། དཔར་ཤིང་ཡོ་འཆུས་དང་གས་སྲུབས་མེད་པ། བརྐོས་རིས་དཔར་གཞི་ཇི་ལྟ་བ་བཞིན་ཡིད་དུ་འོང་ཞིང་བརྐོས་ཤུལ་གཏིང་ཟབ་པ་སོགས་སོ། །
(༣)རྒྱན་རིས་པ་ཏྲ། འདི་ལ་ཤིང་རྒྱུ་ངེས་མེད་སྣ་ཚོགས་ཤིག་བྱེད་ཀྱང་། ཤིང་རྒྱུ་ཅུང་སྲ་བའི་རིགས་ལེགས། རྒྱུན་སྤྱོད་ཀྱི་ཤིང་ནི་གསོམ་ཤིང་ཡིན་ཏེ། དེ་རྒྱུ་སྲ་སྙི་འཚམ་པས་བརྐོ་བདེ་ལ་སྲོག་སྲ་བའི་ཁྱད་ཆོས་ཡོད་པས་སོ། །
ཉེར་སྤྱད་ནི། གསེག་གྲི་དང་། རྐོ་གྲི། གསོར་འབིག །ལྕགས་སྐུད་ཀྱི་སོག་ལེ་བཅས་ནི་གཙོ་བོ་ཡིན། རྐོ་རིམ་ནི། ཐོག་མར་གསོམ་ཤིང་ལེན་གྱིས་འཇམ་པོར་བྱས་པ་ལ་ཞ་སྨྱུག་གིས་འབྲི་བའམ་ཚགས་དཔར་བཏབ་པའི་རི་མོ་ལྟར་གསོར་འབུག་དང་སོག་ལེས་དྲ། དེ་ནས་རྐོ་དྲི་བླངས་ཏེ་བརྐོ་བ་ལ་གཞུག་གོ།
སྐབས་འདིའི་རྒྱན་རིས་པ་ཏྲའི་རྐོ་བཞེང་ལ་རགས་ཞིབ་ཀྱིས་དཀའ་སླ་སྣ་ཚོགས་འབྱུང་ཡང་། རྐོ་བཟོ་གཞན་དང་བསྡུར་ན་བཟོ་སླ་བོ་ཡོད་ཅིང་ནོར་ཉོག་ཏུ་འགྲོ་བའི་གནས་ཆེར་མེད། དེ་ལ་ཕྲེང་སྐོར་དང་པད་འདབ། གཡུང་དྲུང་འཁྱིལ་བ། ནོར་འཛིན་པ་ཏྲ། ཙི་མགོ་རྡོ་རྗེའི་ཕྲེང་བ་སོགས་མང་ངོ་།།
( གཅན་ཚ་བཀྲ་བྷོས་བརྩམས་པའི《དམངས་སྲོལ་རིག་པའི་སྤྱི་དོན》ལས་དྲངས་ཤིང་རྟ་མགྲིན་རྡོ་རྗེས་པར་བླངས།)