ཁུལ་ནང་བསྟན་མཐུན་ཚོགས་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ(རྒྱས་འཛོམས)ཐེངས་བཅུ་གཉིས་པ་མཇུག་བསྒྲིལ་རྗེས། སྤྱི་ཟླ6པའི་ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོའི་ཚོགས་འདུར་ཞུགས་མཁན་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དེ་སྔའི་མགོ་གཙོ་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ནགས་གཙང་བྱམས་པ་ངག་དབང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན།ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།ཞིང་ཆེན་བོད་སྐད་ནང་བསྟན་སློབ་གླིང་གི་མགོ་གཙོ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྡོ་རྗེ་བཀྲ་ཤིས། སྐུ་བཅར·ཡོན་ཏན་རྒྱ་མཚོ། ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་བཅས་དང་མཇལ་འཕྲད་གནང་བས་མ་ཚད། བཞུགས་མོལ་གནང་ནས་དགོངས་འཆར་སྤེལ་རེས་མཛད་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
ཧྲེན་དབྱང་གིས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཐོབ་པའི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་ཆོས་ལུགས་ཁྱབ་ཁོངས་འཆམ་མཐུན་མཉམ་གནས་བྱུང་བ་དེ་ཁུལ་ཡོངས་ཀྱི་རིམ་ཁག་ནང་བསྟན་མཐུན་ཚོགས་དང་དེ་བཞིན་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་དགེ་མཚན་ལྡན་པའི་མཛད་རྗེས་བཞག་པ་དང་ཁ་འབྲལ་ཐབས་མེད་པ་རེད། མིག་སྔར་དཀར་མཛེས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་བཞིན་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དང་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཞིང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ། ཞིང་ཆེན་ཏང་ཨུའི་མི་རིགས་ལས་དོན་དང་སི་ཁྲོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་ཡོད། ནང་བསྟན་མཐུན་ཚོགས་དང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་ཐོག་མཐའ་བར་གསུམ་དུ་ཏང་གི་དྲིན་གཟོ་བཅངས། ཏང་གི་བཀའ་ལ་ཉན།ཏང་གི་རྗེས་སུ་འབྲངས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་རྒྱུ་གཙོ་བོར་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་བྱམས་སྙིང་རྗེའི་གཞན་ཕན་བསྒྲུབ་རྒྱུའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རང་གིས་རང་ལ་སློབ་གསོ་དང་།རང་གིས་རང་ལ་དོ་དམ། རང་གིས་རང་ལ་གཅུན་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ།མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤྲོད་བྱ་དགོས་ཞེས་གསུངས་པ་རེད།
ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་རྣམ་པས་གཅིག་རྗེས་གཉིས་མཐུད་དུ་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བློ་ཐག་རྦད་བཅད་ཀྱིས་བརྩི་བཀུར་ཞུ་བ། རྒྱལ་གཅེས་ཆོས་གཅེས་ཀྱི་ཐོག་མའི་བསམ་མདུན་བློ་ལ་བརྟན་པོ་འཆང་བ།བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དགོན་པ་དོ་དམ་ཡག་པོ་བྱེད་པ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་མ་སྐུལ་དང་བླངས་ཀྱིས་དྲིལ་བསྒྲགས་བྱས་ནས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྲོ་ཕྱོགས་ཀྱི་ལས་དོན་སོ་སོ་ཡག་པོ་སྒྲུབ་གང་ཐུབ་བྱས་ཏེ།ཆོས་ལུགས་ལས་སྒྲུབ་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་ཁྲིད་སྟོན་བྱས་ནས་མཐུན་སྒྲིལ་དང་འབྱོར་ཕྱུག། དཔལ་ཡོན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།
ཁུལ་གྱི་མགོ་ཁྲིད་ཡོན་མིང་ཀོང་དང་ལི་ཆང་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།།
(ལྷ་འཛོམས་ཀྱིས་བསྒྱུར།)
