国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་རྫོང་སྤྱི་འཁོར་འགྲུལ་སྐྱེལ་ཁང་གིས་ སློབ་མར་སྤྱི་ཕན་དོན་དངོས་བསྒྲུབས།

རླངས་འཁོར་འཛིན་ཡིག་བླངས་པའི་སློབ་མ།

ཉེ་ཆར། དཀར་མཛེས་རྫོང་གུང་གཞོན་ཚོགས་པ་དཀར་མཛེས་རྫོང་ཨུས་འགྲུལ་སྐྱེལ་སྤྱི་གཉེར་ཁང་གིས་རིན་པ་མི་དགོས་པའི་རླངས་འཁོར་འཛིན་ཡིག་སྟེར་བའི་སྤྱི་ཕན་བྱེད་སྒོ་ལག་བསྟར་བྱས་པའི་མཛད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་བའི་མཛད་སྒོའི་ཐོག་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། གུང་གཞོན་ཚོགས་པ་དཀར་མཛེས་རྫོང་ཨུ། རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། རྫོང་ཆ་ཚང་བའི་སློབ་ཆུང་གཉིས་པའི་འགན་འཁུར་བ་ཞུགས་ཡོད་པ་རེད།

རིན་པ་མི་དགོས་པར་རླངས་འཁོར་འཛིན་ཡིག་སྟེར་བའི་སྤྱི་ཕན་ལས་དོན་འདི་ནི་གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ཨུ་ལྷན་དང་སི་ཁྲོན་ཞིང་ཆེན་དྲྭ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གཉིས་ཀྱིས་ཐུན་མོང་དུ་གྲོས་འགོ་བཏོན་ནས། སི་ཁྲོན་ཞིང་ཆེན་མང་ཚོགས་ཚོགས་པའི་རྩ་འཛུགས་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་དང་སི་ཁྲོན་ཞིང་ཆེན་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཐུན་མོང་དུ་ལག་ལེན་བསྟར་བའི་སྤྱི་ཕན་དབུལ་སྐྱོར་བྱེད་སྒོ་ཞིག་རེད། བྱེད་སྒོ་འདི2018ལོའི་སྤྱི་ཟླ8པའི་ཚེས31ཉིན། སི་ཁྲོན་ཞིང་ཆེན་མང་ཚོགས་ཚོགས་པའི་རྩ་འཛུགས་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་སུ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད།

ལོ་འདི་དག་ལ་དཀར་མཛེས་རྫོང་གི་ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་མ་རྣམས་ཀྱིས་གཟའ་མཇུག་ཏུ་སློབ་གྲྭ་གྲོལ་ནས་སློབ་གྲྭ་ནས་ཁྱིམ་དང་། ཁྱིམ་ནས་སློབ་གྲྭ་བར་གྱི་སྤྱི་འཁོར་གླ་ཆ་ཁྱོན་སྒོར་བཅུ་སྤྲོད་དགོས་ཀྱི་ཡོད། ཁྱིམ་བདག་དང་སློབ་མ་ཁག་གཅིག་གིས་སྒོར་བཅུ་གྲོན་ཆུང་བྱེད་ཆེད། རྒྱུན་དུ་རྐང་ཐང་དུ་འགྲོ་བཞིན་ཡོད་ལ་ད་དུང་ཁྱིམ་བདག་མང་པོ་ཞིག་གིས་འཕྲུལ་རྟ་དང་གློག་རྟ་སོགས་ཀྱིས་སློབ་མ་བསུ་སྐྱེལ་བྱེད་བཞིན་ཡོད། དེ་ལྟར་བྱས་ཚེ་ལམ་བར་དུ་སློབ་མ་དང་ཁྱིམ་བདག་གཉིས་ཀར་ཉེན་ཁ་ཆེ་བར་མ་ཟད་གནམ་གཤིས་ངན་དུས་ཁྱིམ་བདག་དང་སློབ་མ་ལ་དཀའ་ཁག་ཆེན་པོ་འཕྲད་ཡོད་པ་རེད།

ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཞག་སྡོད་སློབ་མའི་གཟའ་མཇུག་གི་རླངས་འཁོར་གླ་ཆ་དང་ལམ་བར་གྱི་ཉེན་ཁ་གནད་དོན་ཐག་གཅོད་བྱ་ཆེད། 2021ལོའི་སྤྱི་ཟླ4པར་དཀར་མཛེས་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག། གུང་གཞོན་ཚོགས་པ་དཀར་མཛེས་རྫོང་ཨུས་སི་ཁྲོན་ཞིང་ཆེན་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ལ་རིན་པ་མི་དགོས་པའི་རླངས་འཁོར་འཛིན་ཡིག་སྤྱི་ཕན་བྱེད་སྒོ་ནང་ཞུགས་ཆོག་པའི་རེ་འདུན་ཞུས་པ་རེད།

2021ལོའི་སྤྱི་ཟླ11པར་སི་ཁྲོན་ཞིང་ཆེན་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་རིན་པ་མི་དགོས་པའི་རླངས་འཁོར་འཛིན་ཡིག་སྤྱི་ཕན་དབུལ་སྐྱོར་རྣམ་གྲངས་ཀྱི་བརྙན་འཕྲིན་ཚོགས་འདུའི་ཐོག། དཀར་མཛེས་རྫོང་དེ2022ལོའི་རིན་མ་མི་དགོས་པའི་རླངས་འཁོར་འཛིན་ཡིག་སྤྱི་ཕན་དབུལ་སྐྱོར་བྱ་འགུལ་ནང་ཞུགས་རྒྱུའི་གཏན་ཁེལ་བྱས་ནས་བྱེད་སྒོ་གཉེར་ཆོག་པའི་ཆོག་མཆན་སྤྲད་པ་དང་འབྲེལ་སྒོར་ཁྲི10ཡི་མ་དངུལ་མཁོ་འདོན་བྱས་ཡོད་པ་རེད།

ད་ལྟ་དཀར་མཛེས་རྫོང་ཐོག་ཏུ་ཆ་ཚང་སློབ་ཆུང་བཞི་དང་སློབ་འབྲིང་གཅིག་ཡོད། ཆ་ཚང་སློབ་ཆུང་དང་པོའི་སློབ་མ་ཚང་མ་ནི་དཀར་མཛེས་རྫོང་ཐོག་གི་སློབ་མ་ཡིན་ཞིང་། ཁྱིམ་དང་ཁ་ཐག་ཉེ། ཆ་ཚང་སློབ་ཆུང་བཞི་པའི་སློབ་མ་ཚང་མ་རྫོང་དང་ཐག་ཤིན་ཏུ་རིང་བའི་འབྲོག་ཁུལ་གྱི་སློབ་མ་ཡིན་ཞིང་། སློབ་གྲྭས་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་གུང་གསེང་ཕུད་པའི་བར་རྒྱུན་གྱི་གཟའ་མཇུག་ལའང་སློབ་མ་ཚོར་སློབ་གྲྭ་ནང་ཞག་སྡོད་ཀྱི་ཆ་རྐྱེན་མཁོ་འདོན་བྱེད་ཀྱི་ཡོད།ཐེངས་འདིའི་བྱེད་སྒོ་ནང་དཀར་མཛེས་རྫོང་ཆ་ཚང་སློབ་ཆུང་གཉིས་པ་དང་ཆ་ཚང་སློབ་ཆུང་གསུམ་པའི་ནང་གི་དཀར་མཛེས་རྫོང་འདན་མ་ཡུལ་ཤོག་དང་རི་འགོ་ཡུལ་ཤོག། མཁར་སྒང་ཡུལ་ཤོག། ཞི་གསེར་ཡུལ་ཤོག། གོང་ལམ་ཡུལ་ཤོག། ལྷོ་པ་ཡུལ་ཤོག། མཐིང་ཁ་ཡུལ་ཤོག། གསེར་ཆུ་སྟེང་ཡུལ་ཤོག། མདའ་མདོ་ཡུལ་ཤོག། གསེར་མཁར་ཡུལ་ཤོག་སོགས་ཡུལ་ཤོག་བཅུ་ནས་ཡོང་བའི་སློབ་མ476ལ་རིན་པ་མི་དགོས་པའི་རླངས་འཁོར་འཛིན་ཡིག་གནང་བ་རེད།།

( ལས་ཞོར་གསར་འགོད་པ་འབྲི་བརྒྱ་ལྷ་མཚོས་བྲིས་ཤིང་པར་བླངས།)