国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གྲོང་སྡེའི་བཅའ་སྡོད་ལས་སྒྲུབ་རུ་ཁག་གིས་སྣེ་ཁྲིད་དེ་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་སྤེལ།

ཉེ་ཆར། འདབ་པ་རྫོང་དཀར་ཐང་གྲོང་རྡལ་དབུས་མདོ་གྲོང་སྡེའི་བཅའ་སྡོད་ལས་སྒྲུབ་རུ་ཁག་གིས་གཟའ་མཇུག་དང་བསྟུན་ནས་གྲོང་སྡེ་དེའི་སློབ་མ་ཚོ་སྒྲིག་འཛུགས་བྱས་ཏེ། ས་ཁོངས་ཡོངས་སུ་གད་སྙིགས་བསལ་ཏེ་མཛེས་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པར་ང་ཚོ་གྲོགས་པོ་ཆུང་ཆུང་ཚོས་བྱ་སྤྱོད་དངོས་སུ་སྤེལ་ཞེས་པའི་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་རུ་སློབ་མ26དང་ཁྱིམ་བདག8 གྲོང་སྡེའི་ལས་བྱེད་པ2བཅའ་སྡོད་ལས་སྒྲུབ་མི་སྣ3བཅས་ཞུགས་ཡོད།

བྱེད་སྒོ་སྤེལ་བའི་སྔོན་ལ་བཅའ་སྡོད་ཧྲུའུ་ཅི་དང་པོས་གྲ་སྒྲིག་ཚོགས་འདུ་འཚོགས་ཏེ། འབྲེལ་ཡོད་སྲིད་ཇུས་དང་ས་ཁོངས་ཡོངས་སུ་གད་སྙིགས་གཙང་སེལ་གྱི་དགོས་ངེས་གསལ་བཤད་བྱས་པ་དང་། བྱེད་སྒོ་སྤེལ་བའི་ཁྲོད་དུ་ཉེན་ཁ་ལས་གཡོལ་ཐབས་དང་འཕྲོད་བསྟེན་ལ་དོ་སྣང་བྱ་དགོས་ཚུལ་སྐོར་ལ་དྲན་སྐུལ་བྱས་པ་རེད།

ཚོ་ཆུང་གསུམ་དུ་བགོས་པའི་གྲོགས་པོ་ཆུང་ཆུང་ཚོས་ཆུ་ཚོད4ཡི་རིང་ལ་འབད་བརྩོན་བྱས་ནས་བཏུང་ཆུའི་དམ་བི་སྟོང་པ་དང་། སིལ་ཟས་འགྱིག་ཁུག། སིལ་ཏོག་ལྤགས་པ་སོགས་གད་སྙིགས་ཀྱིས་གང་བའི་འགྱིག་ཁུག་ཆེན་པོ5འཐུ་ཡོད་ལ། ངལ་རྩོལ་ལས་ཐོབ་པའི་སྤྲོ་ཉམས་ངོ་གདོང་དུ་འཆར་བ་ཆབས་ཅིག་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཇེ་དྲག་ཏུ་ཕྱིན་པ་རེད།

བཅའ་སྡོད་ལས་སྒྲུབ་རུ་ཁག་གི་ལས་སྒྲུབ་མི་སྣས་སློབ་མ་ཚོ་དང་མཉམ་དུ་ཉིན་གཞུང་གི་ཟ་མ་ཟ་བའི་གོ་སྐབས་དང་བསྟུན་ནས་གྲོགས་པོ་ཆུང་ཆུང་ཚོ་ལ་བྱིས་པའི་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག། ལག་རྟེན་ཡིག་ཆས་སོགས་ཀྱང་སྤྲད་པ་རེད།།

( སྐལ་བཟང་རྒྱ་མཚོས་བྲིས།)