ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པའི2022ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”འགོ་ཚུགས་མཛད་སྒོ་དང་ཚོགས་ར་གཙོ་བོའི་བྱེད་སྒོ་དེ་འཛམ་གླིང་རིག་གནས་ཤུལ་བཞག་ནོར་བུ་གླིང་ཁའི་ནང་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལྷ་མོ་དང་གཞས་ཆེན། སྟོད་གཞས། རྒོད་གླིང་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་གླུ་གར་ངོམ་སྟོན་བྱས་པ་ལས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། སྤོས་དང་ཀོ་ཆས། འབག་སོགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག། འཇིམ་བརྙན་དང་ཐང་ག ཡིག་གཟུགས་སོགས་ཕུན་སུམ་ཚོགས་པའི་རིག་གནས་བསམ་བཀོད་ཐོན་རྫས་ལྟ་བས་མི་ངོམ་པ་ཡོད་པས་ཚང་མས་དགའ་པོ་བྱེད་ཀྱི་ཡོད། ད་ཐེངས་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོར་གཟུགས་མེད་རིག་གནས་ཤུལ་བཞག་གི་བཟོ་ཁང་དང་རིག་གནས་བསམ་བཀོད་ཁེ་ལས10ལྷག་ཙམ་ཞུགས་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་ཐོན་རྫས་དང་རིག་གནས་བསམ་བཀོད་ཐོན་རྫས200ལྷག་ཙམ་འགྲེམས་སྟོན་བྱས་ཡོད་པ་རེད།
བྱེད་སྒོར་ད་དུང“རྒོད་གླིང་སྒྱུ་རྩལ”ཁྲིད་སྦྱོང་རྟེན་གཞི་དང“གཟུགས་མེད་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྟེན་གཞི་སྡེ་ཚན་གཉིས་པ” རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྡེ་ཚན་ལྔ་པར་སྒོ་བྱང་སྤྲོད་པའི་མཛད་སྒོ་སྤེལ་བ་རེད།
ཉེ་བའི་ལོ་ཤས་རིང་བོད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་པ་དང་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། མིག་སྔའི་བར་བོད་ལྗོངས་ཡོངས་སུ་རིམ་པ་ཁག་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས2600དང་། མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་1668 གཟུགས་མེད་རིག་གནས་ཤུལ་བཞག་གི་བཟོ་ཁང121བཅས་ཡོད་པ་རེད།། ( ཡེ་ཤེས་ཀྱིས་བསྒྱུར། )
