●མྱུར་བགྲོད་གཞུང་ལམ་གྱི་ལས་གཞིར་མ་འཇོག་དང་ཇུས་འགོད་བློ་འདྲི། འཛུགས་སྐྲུན་བདག་སྐྱོང་། གཉེར་སྐྱོང་དོ་དམ་སོགས་ཀྱི་ཁྱབ་ཁོངས་ཁྱོན་ཡོངས་ནས་གློད་པ་དང་། ལོ་རེ་རེར་གཞི་ཁྱོན་འོས་འཚམ་དང་གྲོན་ཆུང་སྤྱོད་གོ་ཆོད་པའི་མྱུར་བགྲོད་གཞུང་ལམ་གྱི་ལས་གཞི་ཁག་ཅིག་བདམས་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་སུ་འོས་སྦྱོར་བྱ་དགོས།
●གསར་དུ་བསྐྲུན་པའི་མྱུར་བགྲོད་གཞུང་ལམ་ལས་གཞི་སྣ་མང་ཅན་གྱི་གཉེར་སྐྱོང་ལ་བསྐུལ་དགོས།གཏེར་ཁ་དང་འོད་ཤུགས། ཡུལ་སྐོར་སོགས་ཀྱི་ཐོན་ཁུངས་གསར་སྤེལ་དང་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་བརྟེན་ནས་ཚོང་འགུགས་བྱས་ཏེ་མཉམ་དུ་ལག་བསྟར་གཏང་དགོས།
སྤྱི་ཟླ7པའི་ཚེས6ཉིན། 《སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་མྱུར་བགྲོད་གཞུང་ལམ་ཁྲོམ་ར་ཅན་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དངོས་སུ་དྲྭ་ཐོག་སྤེལ་ནས་བྱ་ཐབས་སྣ་ཚོགས་གསར་གཏོད་བྱ་རྒྱུར་སྐུལ་མ་དང་། མ་དངུལ་བསྡུ་སྒྲིག་གྱི་དཀའ་གནད་སེལ་བ། མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་སྔར་བས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་སོགས་འཐབ་ཇུས་གལ་ཆེན་ལག་ལེན་བསྟར་རྒྱུའི་འགན་ལེན་དེ་བས་ཡག་པོ་བྱས་པ་རེད།
《སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་མྱུར་བགྲོད་གཞུང་ལམ་ཁྲོམ་ར་ཅན་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ལ་བརྟེན་ནས་སི་ཁྲོན་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུའི་སྲིད་ཇུས་སྔར་བས་འཐུས་ཚོང་དུ་གཏང་རྒྱུ་ཡིན་པ་རེད། 2021ལོའི་ལོ་མཇུག་བར་སི་ཁྲོན་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ8600ལ་ཟིན་ནས། རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་དང་། མྱུར་བགྲོད་གཞུང་ལམ་སྐྲུན་བཞིན་ཡོད་པ་དང་སྐྱེལ་འདྲེན་བྱེད་བཞིན་པའི་ལམ་ཐག་སྤྱི་ལེ་ཁྲི1.1ལས་བརྒལ་ཡོད་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)
