སྤྱི་ཟླ7པའི་ཚེས11ཉིན་ལ། དཀར་མཛེས་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པའི་འགོ་ཚུགས་མཛད་སྒོ་དེ་དར་མདོའི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཁང་དུ་སྤེལ་བ་རེད། ཁུལ་དམངས་ཆེན་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རིན་ཆེན་འགོ་ཚུགས་མཛད་སྒོར་ཞུགས་པ་དང་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆུས་མེ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
སྔ་དྲོའི་ཆུ་ཚོད9པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་གཙོ་དོན་མངོན་གསལ་དོད་པའི་དཀར་མཛེས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པའི་ཚོགས་དར་གྱིས་སྣེ་དྲངས་པའི་འོག་རང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་པ་དངོས་སུ་འགོ་ཚུགས་པ་རེད། མཛད་སྒོའི་ཐོག་ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ལུས་རྩལ་འགྲན་ཚོགས་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཤན་འབྱེད་པ་དང་ལུས་རྩལ་པའི་འཐུས་མིས་དམ་བཅའ་བཞག་སྟེ། ངེས་པར་དུ་འགྲན་སྡུར་ལ་ནན་ཏན་བྱེད་པ་དང་དྲང་གཞག་ངང་ཤན་འབྱེད་བྱས་ཏེ་འགྲན་སྡུར་གྱི་ཆུ་ཚད་དང་ཉམས་འགྱུར་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལུས་རྩལ་འགྲན་ཚོགས་ནི་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18དང་དུང་དཀར་ལུང་པའི་དོ་དམ་ཅུས། ཐད་གཏོགས་སློབ་གྲྭ་སོགས་ཀྱི་འཐུས་མི་རུ་ཁག23གྱི་སློབ་མ་ལུས་རྩལ་པ1802འགྲན་སྡུར་ལ་ཞུགས་ཡོད། དུས་ཡུན་ནི་ཟླ་བ7པའི་ཚེས11ནས19ཉིན་ཏེ་ཁྱོན་ཉིན9ཡི་རིང་ལ་ལུས་རྩལ་འགྲན་སྡུར་སྤེལ་རྒྱུ་ཡིན་ལ། འདི་ནི་རང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་ལས་དོན་གྱི་ཕན་འབྲས་ཁྱོན་ཡོངས་ནས་མངོན་པ་དང་རང་ཁུལ་གྱི་བྱང་ཚད་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཡིན་པ་རེད།
ལུས་རྩལ་འགྲན་ཚོགས་ནང་སླེ་གྲུག་དང་རྒྱུག་འགྲན། འཕེན་འཕང་སྤོ་ལོ་བཅས་རྣམ་གྲངས་ཆེ་བ་གསུམ་དང་རྣམ་གྲངས་ཆུང་བ45ཡི་འགྲན་སྡུར་ཞིག་ཡིན་ཞིང་། ལུས་རྩལ་པ་སློབ་མ1802ཀྱིས་འགྲན་རའི་ཐོག་རྩལ་འགྲན་གྱི་ཆུ་ཚད་དང་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ནས་དེ་བས་མགྱོགས་པ་དང་དེ་བས་མཐོ་བ། དེ་བས་སྟོབས་ལྡན་པ་བཅས་ཀྱི་དམིགས་འབེན་ཕྱོགས་སུ་འབད་འབུངས་བྱས་ཏེ་ཁུལ་ཡོངས་ཀྱི་མི་དམངས་ལ་ངོ་མཚར་ཆེ་བ་དང་དྲང་གཞག་གི་ལུས་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བསྟན་རྒྱུ་ཡིན་པ་རེད།།
(ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས། )
