国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུས་སྟོན་དམངས་སྲོལ།

ལོ་ཟླ་ཚེས་ཞག་གི་དུས་སྟོན་ནི་གཙོ་བོ་བགྲང་བྱ་འཁོར་ལོ་གཅིག་གི་དུས་ཡུན་ནང་། མཁའ་ལ་དུས་སྦྱོར་འཆར་ཚུལ་དང་། ས་ལ་དུས་བཞི་འཁོར་ཚུལ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་འདི་འབྱུང་བས་བསྡུ་ལུགས་དང་གྲོལ་ལུགས། ནང་བཅུད་ཀྱི་སེམས་ཅན་དག་གི་འཕེལ་འགྱུར་བཅས་ལ་བརྟེན། བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་རིམ་གྱིས་གྲུབ་པའི་དད་མཆོད་དང་ཆོ་སྒྲུབ། དགའ་བ་དང་བྱ་བྱེད། ཁོར་ཡུག་དང་ཐོན་སྐྱེད། གསར་གཏོད་དང་ལོ་རྒྱུས་སོགས་ཕྱི་ནང་གི་རྐྱེན་སྣ་ཚོགས་ལ་བརྟེན་ནས་གཏན་ཕབ་རང་འགྲིག་ཏུ་སོང་བའི་དུས་སྟོན་གྱི་ཡུལ་སྲོལ་གོམས་གཤིས་དེ་ལ་བྱ། དེ་ཡང་དུས་སྟོན་གྱི་ཚེས་ཞག་མི་འདྲ་བ་ལྟར་དམངས་སྲོལ་གྱི་ནང་དོན་དང་། དམིགས་པ། ཆོ་གའི་རིམ་པ་སོགས་ཀྱང་མི་འདྲ་ལ་ཁྱད་པར་དུ་རང་རེའི་གངས་ཅན་པ་རྣམས་ལ་གཙོ་བོ་ཆོས་ལུགས་ཀྱི་དགོངས་དོན་དང་བསྟུན་དུས་མཆོད་དང་དུས་སྟོན་ཤིན་ཏུ་མང་མོད་ཀྱང་། འདིར་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་དུས་སྟོན་གྱི་ཆ་རྣམས་སྤྲོ་བར་བྱ་བ་ལ།

ལོ་ཟླ་ཚེས་ཞག་གི་དུས་སྟོན་གྱི་བྱུང་བ་ལ་མེད་དུ་མི་རུང་བའི་གྲུབ་ཆ་གཉིས་ཡོད་དེ། བལྟོས་འཇོག་གི་གཏན་འཁེལ་དུས་བཅད་དང་། དུས་བཅད་སྐབས་ཀྱི་ཁྱད་པར་ཅན་གྱི་དམངས་སྲོལ་བྱེད་སྒོ་གཉིས་སོ། །

དང་པོ། དུས་སྟོན་གྱི་བྱུང་བ།

དམངས་སྲོལ་བྱེད་སྒོ་དེའི་རིགས་ནི་ལོ་རེ་རེ་བཞིན་ཡང་འཁོར་བསྐྱར་འཁོར་གྱིས་མི་རབས་ནས་མི་རབས་ལ་བརྒྱུད་སྤེལ་བྱས་འོང་བ་རེད། དེ་ཡང་དུས་བཅད་ཀྱི་གདམ་ག་དང་དུས་སྟོན་བྱེད་སྒོའི་བྱུང་བ། རོལ་རྩེད། འཕེལ་རྒྱས་བཅས་ནི་མེས་པོ་གོང་མ་རྣམས་ཀྱིས་ཀྱང་གང་འདོད་ལྟར་གཏན་འཁེལ་གནང་བ་ཞིག་མིན་པར་རང་བྱུང་ཁམས་ཀྱི་ལྡོག་བྲལ་ཆོས་ཉིད་ཞིབ་མོས་མིའི་རིགས་ཀྱི་འཚོ་བ་ལ་ཚོད་འཛིན་དང་བཀག་སྡོམ། འཕོ་འགྱུར་བཅས་བྱུང་དུ་བཅུག་ལ། མིའི་རིགས་ཀྱིས་ཀྱང་རང་བྱུང་གི་ཆོས་ཉིད་ཞིབ་མོར་རིམ་གྱིས་ཚོད་བགམ་དང་དེ་ལས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པར་བརྒྱུད་ཤེས་རྟོགས་བྱུང་བ་ཞིག་རེད།

དེ་ཡང་ལོ་ཟླ་ཚེས་ཞག་གི་དུས་སྟོན་གྱི་ཐོག་མའི་གདམ་ག་དང་གཏན་འཁེལ་ནི་གནམ་རིག་སྐར་རྩིས་ཀྱི་རྨང་གཞི་ལས་མ་འདས་སྙམ་སྟེ། བོད་མི་རྣམས་ལ་ནམ་མཁའི་གཟའ་སྐར་ལ་བརྟག་པའི་ཉམས་མྱོང་གི་རྩིས་སྲོལ་ནི་གནའ་སྔ་མོ་ནས་ཡོད་ལ་རིམ་བཞིན་ཇེ་རྒྱས་སུ་ཕྱིན་ནས་ཧ་ལམ་རྗེ་གཉའ་ཁྲི་བཙན་པོའི་སྐུ་རིང་ཙམ་ལ་ནམ་ཟླ་དཔྱད་བརྟག་གི་རྩིས་རིག་བྱུང་ནས། ནམ་མཁའི་གཟའ་སྐར་གྱི་འགྲོས་ལས་ས་ཡི་དུས་བཞིའི་འགྱུར་ལྡོག་སྔོན་དཔག་ཐུབ་པ་བྱུང་བ་དང་། དེའི་རྗེས་བོད་རྗེ་བྱ་ཁྲི་བཙན་པོའི་སྐུ་རིང་ལ་ལྷོ་ཁ་ཡར་ཀླུང་ཁུལ་དུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཟླ་བའི་འཕེལ་འགྲིབ་ལ་བརྟག་པ་དང་། ཉི་མའི་ལྷོ་བྱང་གི་འགྲོས་ལས་ལོ་ཟླ་ཞག་དུས་རགས་ཙམ་གཏན་ལ་འབེབས་པའི་སྐར་རྩིས་རིག་པ་ཡོད་པའི་ཁར། བྱ་དང་ཤིང་ལ་བརྟག་པ་ལྷོ་མོན་རྩིས་དང་། རླུང་ལ་བརྟག་པ་བྱང་བའི་རྩིས། གངས་དང་འཁྱག་ལ་བརྟག་པ་སྟེང་བའི་རྩིས། རི་ཕྱུགས་མཚོ་ལ་བརྟག་པ་གམ་འབྲོག་རྩིས། ཉི་ཟླའི་བགྲོད་ལམ་བརྟག་པ་བོན་ཞང་རྩིས་སོགས་དམངས་ཁྲོད་དུ་བརྟག་པ་སྣ་ཚོགས་ཀྱི་རྩིས་དར་ཁྱབ་བྱུང་སྟེ། གནམ་རིག་སྐར་རྩིས་ཀྱི་ནང་དོན་རིམ་བཞིན་ཕུན་སུམ་ཇེ་ཚོགས་སུ་གྱུར་པ་དེས་བོད་མིའི་འཚོ་བ་ལའང་ཁ་ལོ་ངང་གིས་བསྒྱུར།

དེ་ནས་མཁས་དབང་རིམ་བྱོན་གྱིས་མཛད་པའི་མི་རིགས་རང་གི་གནའ་བོའི་སྐར་རྩིས་སྣ་ཚོགས་ཀྱི་རྨང་གཞིའི་སྟེང་། དུས་རབས་བཅུ་གཅིག་པར་རྒྱ་གར་ནས་དར་བའི་དུས་འཁོར་ལུགས་ཀྱི་ལེགས་ཆ་དང་། དུས་རབས་བཅོ་བརྒྱད་པར་ནང་ས་ནས་དར་བའི་གསེར་རྩིས། དེ་མིན་འབྱུང་རྩིས་སམ་ནག་རྩིས་ཀྱི་ལེགས་ཆ་སྡུད་ལེན་བྱས་ཏེ། ས་རིས་ཀྱི་རྩིས་ཐབས་ལ་བརྟེན་ནས་མཁའ་ལ་གཟའ་སྐར་གྱི་རྒྱུ་ཚུལ་དང་། ས་ལ་དུས་བཞིའི་འཁོར་ཚུལ། ཉི་ཟླ་གཟའ་འཛིན། ཐན་ཞོད་སོགས་གནམ་རིག་གི་འགྱུར་ལྡོག་མ་ནོར་བར་ལི་ཐོའི་ལམ་ནས་ལུང་དུ་སྟོན་ཐུབ་པའི་བོད་ཀྱི་སྐར་རྩིས་རིག་པ་འདི་བསྐྲུན་ཅིང་སྤྱད་པར་མ་ཟད། དེའི་དགོངས་དོན་དང་མཐུན་པར་དུས་སྦྱོར་ཉེར་བདུན་ལས་འཕེལ་འགྱུར་སྦྱོར་བ་དང་། བདུད་རྩིའི་སྦྱོར་བ། ལང་ཚོ་སྦྱོར་བ། དངོས་གྲུབ་སྦྱོར་བ། སྟོབས་ལྡན་སྦྱོར་བ་སོགས་སྦྱོར་བ་བཟང་པོ་རྣམས་དང་དུས་མཚུངས་སུ་སྤྱི་ཚོགས་ཀྱི་ཁོར་ཡུག་ཆེན་མོ་ནས་ཞིང་འབྲོག་ཐོན་སྐྱེད་དང་། ཚེ་སྒྲུབ་སྨན་སྦྱོར། ཁྲུས་བྱེད་རོལ་རྩེད། དགའ་སྟོན་རྟེན་འབྲེལ། ཤོམ་གོས་རྒྱན་འདོགས། ལྷ་མཆོད་རླུང་རྟ་སྐྱེད་པ་དང་ཞི་རྒྱས་དབང་དྲག་གི་ལས་རྣམས་བྱེད་པའི་དུས་བཅད་དམ་དུས་སྟོན་བྱུང་བ་རེད། དེ་དག་གི་མཐར་ཐུག་གི་དམིགས་ཡུལ་ནི་གཙོ་བོ་འབྲུ་རིགས་སྣ་ལྔ་འཕེལ་ཞིང་རྒྱས་ལ། རྨིག་བཞི་ཕྱུགས་ཀྱི་འཕེལ་ཁ་དར་བ། མགོ་ནག་མི་ལ་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་དང་། ལོ་སར་སྐབས་སུ་ལྷ་གསོལ་བསང་གཏོང་གི་ཡུལ་ལྷ་གཞི་བདག་མཆོད་པ་དང་། དཔྱིད་ཚུགས་སྟོན་སྡུད་ཀྱི་ཆོ་ག་ཐམས་ཅད་ཀྱང་ཚེ་བསོད་རླུང་རྟ་དར་བ་དང་། བཀྲ་ཤིས་དོན་བརྒྱ་འགྲུབ་པ། སྟོབས་འབྱོར་ལོངས་སྤྱོད་རྒྱས་པ། འབྲུ་དྲུག་ལོ་ལེགས་འབྱུང་བའི་བྱ་བྱེད་ཀྱི་རེ་སྨོན་ཉག་ཅིག་ཡིན་པས། དོན་གྱི་ཐད་ནས་ཅུང་བྱེ་བྲག་ཏུ་བརྗོད་ན་དུས་སྟོན་གྱི་བྱུང་བ་ནི་མིའི་རིགས་ཀྱི་གདོད་མའི་དུས་ཀྱི་ཐོག་མའི་དད་གུས་ཀྱི་འདུ་ཤེས་དང་ཡང་ཐད་ཀར་འབྲེལ་བ་ཡོད་སྙམ་པ་སྟེ།

(༡)རང་བྱུང་ཁམས་ལ་དད་གུས་བྱེད་པ་ནི་དུས་སྟོན་གྱི་བྱུང་བ་གཅིག་ཏུ་བགྲང་རུང་བ་སྟེ། དེ་ནི་གདོད་མའི་དུས་སུ་མིའི་རིགས་ཀྱི་ཐོན་སྐྱེད་ནུས་པ་དང་། བསམ་གཞིག་ནུས་པ་ཆེས་དམའ་རིམ་དུ་གནས་ལ་གོས་སུ་ཤིང་ལོ་གྱོན་ཞིང་ཟས་སུ་ཤིང་འབྲས་ཟ་བའི་དུས་དེ་དག་ལ་མཚོན་ན་ལྡོག་ཐབས་བྲལ་བའི་རང་བྱུང་གི་གནོད་འཚེ་མང་པོ་ཞིག་གིས་རྒྱུན་དུ་ཁོ་ཚོར་འཇིགས་སྣང་སྐུལ་གྱི་ཡོད་ཅིང་། འཇིག་རྟེན་ཁམས་ཆེན་པོ་འདིར་ཁོ་ཚོས་འགྲེལ་བཤད་རྒྱག་མི་ཐུབ་པའི་གསང་བ་ནི་དེ་བས་ཀྱང་མང་པོ་ཡོད་པར་བརྟེན། ཁོ་ཚོའི་སེམས་སུ་རི་ལ་རི་ལྷ་དང་ནགས་ལ་ནགས་ལྷ། མཚོ་དང་མཚེའུ་སོགས་ལའང་དེ་བཞིན་ལྷ་གནས་ཡོད་པར་མ་ཟད། ཐ་ན་རྩི་ཤིང་མེ་ཏོག་སོགས་ལའང་རང་རང་ལུས་ཀྱི་གྲིབ་མ་ནང་

བཞིན་འགྲོགས་ཤིང་སྐྱོབ་པའི་འགོ་བའི་ལྷ་ལྔ་བཅས་འཇིག་རྟེན་དུ་རང་དང་བཅས་པའི་དངོས་པོ་ཡོད་དོ་ཅོག་ལ་ལྷ་གནས་ཤིང་ཞུགས་པ་ན། རང་ཉིད་ནི་དུས་དང་རྣམ་པ་ཀུན་ཏུ་རང་བྱུང་ཁམས་དང་།ཡང་ན་རང་ཉིད་ལས་ལྷག་པའི་ལྷ་ཞིག་ཡོད་པ་དེའི་བྲན་གཡོག་ཏུ་བཀོལ་ཏེ་ཡུལ་ལུང་རེ་རེ་དང་ཤོག་ཁ་རེ་རེས་རང་རང་གིས་བརྟེན་པའི་ལྷ་དེར་དུས་བཅད་ཀྱིས་མཆོད་པ་བྱེད་པ་ལས་གཞན། ཉི་ཟླ་སྐར་གསུམ་ཐམས་ཅད་ཀྱང་ལྷ་རུ་བཀུར་ཏེ་ཚེས་ཞག་གི་འགྲོས་ལྟར་བསུ་སྐྱེལ་གྱི་ཆོ་ག་སྤེལ་ལུགས་ཀྱི་གོམས་སྲོལ་ཡུན་རིང་བརྒྱུད་ཅིང་ལུས་པ་དེ་དག་ནི་དུས་སྟོན་གྱི་བྱུང་བ་ཞིག་ཏུ་མངོན་ནོ།།

(༢)རྣམ་ཤེས་ལ་དད་གུས་བྱེད་པའང་དུས་སྟོན་གྱི་བྱུང་བ་ཞིག་སྟེ། གདོད་མའི་དུས་སུ་མི་རྣམས་ཀྱིས་རྣམ་ཤེས་ལ་ཡིད་ཆེས་བྱེད་པས། མི་ཤི་བའི་རྗེས་སུ་ཕུང་པོ་ལྔ་ལས་ལུས་ཀྱི་ཕུང་པོ་ནི་ཤེས་རྒྱུད་དང་བྲལ་ཏེ་རིམ་གྱིས་འབྱུང་བར་འཐིམས་ཤིང་འཇིག་པར་གྱུར་ཀྱང་རྣམ་ཤེས་ནི་སྔར་གྱི་ལུས་གཟུགས་ཀྱི་ཕུང་པོ་ལས་ཕྱིར་འཕོས་པ་ལས་རྒྱུན་ཆད་པའི་སྐབས་ནི་མེད་པར་སྙམ། དེ་ཡང་རྣམ་ཤེས་ལ་ལྷའི་རྫུ་འཕྲུལ་ལྟ་བུའི་མི་ལས་ཐོད་བརྒལ་གྱི་ནུས་པ་བླ་ན་མཐོ་བས། ལྐོག་ནས་རང་གི་གཉེན་ཉེ་དང་དགྲ་གྲོགས་གང་རུང་བ་སྡོངས་གྲོགས་དང་གནོད་འཚེ་སོགས་ཚད་འདྲ་མིན་གྱི་སྒོ་ནས་ཕན་གནོད་བྱེད་བཞིན་པར་སེམས། ས་ཆ་ཁ་ཤས་སུ་ད་དུང་མི་ག་གེ་མོའི་རྣམ་ཤེས་དེ་ཡུལ་ལུང་ག་གེ་མོའམ་གྲོང་ཚོ་ག་གེ་མོའི་གཞི་བདག་གི་འཁོར་རམ་གཞི་བདག་ཏུ་སྐྱེས་ཡོད་ཚུལ་གྱི་བཤད་པ་ཧ་ཅང་མང་ལ། དེ་དག་གི་རྐྱེན་པས་ཕྱི་རབས་པ་རྣམས་ཀྱིས་རང་གི་མེས་པོ་གོང་མ་དེ་དག་ལ་གུས་པ་མཚོན་ཕྱིར་དང་བཀའ་དྲིན་གསབ་ཕྱིར་མཆོད་འབུལ་བྱེད་པ་དང་། མཆོད་འབུལ་བྱེད་པ་དེ་ཡུན་གྱིས་དུས་བཅད་དུ་བྱས་ཏེ། སྤྱི་ཚོགས་འཕེལ་རྒྱས་དང་དམངས་སྲོལ་འཚོ་བའི་གོམས་གཤིས་ལྟར་རྒྱ་ཆེར་བསྐྱེད་དེ་དེང་གི་དུས་སྟོན་སྣ་ཚོགས་ཀྱི་གཞི་རུ་གྱུར་བར་སྙམ།

(༣)འཚོ་བའི་འཛེམ་བྱ་སྣ་ཚོགས་དང་པྲ་ཕབ་མོ་འདེབས་ཀྱི་བྱ་བྱེད་དང་འདུ་ཤེས་སོགས་ཀྱང་དུས་སྟོན་གྱི་བྱུང་བ་ཞིག་ཏུ་སེམས་ཏེ། མིའི་རིགས་རང་བྱུང་ཁམས་དང་ཡུན་རིང་འབྲེལ་འདྲིས་བྱས་པར་བརྟེན། རང་ཉིད་ཀྱི་རྒྱུད་ལ་སྔར་མེད་ཀྱི་ཤེས་བྱ་དང་ཉམས་མྱོང་བསླབ་བྱ་སྣ་ཚོགས་པ་འབྱོར་ཞིང་། དེ་དང་ཆབས་ཅིག་ཏུ་ལེགས་ཉེས་བྱ་བྱེད་གང་ཞིག་ཡིན་རུང་སྦྱོར་དངོས་འཇུག་གསུམ་གྱི་སྐབས་སུ་འཛེམ་བྱ་དང་བར་བགེགས་ཀྱང་གཅིག་མིན་གཉིས་མིན་དུ་འབྱུང་སྲིད་ལ། དེ་དང་བསྟུན་ནས་བགེགས་དང་བར་ཆད་སོགས་སེལ་ཐབས་སུ་མིག་འགུལ་བར་བརྟག་ཚུལ་དང་། རྣ་ངུ་བར་བརྟག་ཚུལ། རྣ་ལ་ཚ་སྐྱེ་བར་བརྟག་ཚུལ། གདོང་ལ་ཚ་སྐྱེ་བར་བརྟག་ཚུལ། ལུས་ཀྱི་ཤ་འགུལ་འཕྲོག་བརྟག་ཚུལ། སེམས་འཕར་བར་བརྟག་ཚུལ། སྣ་སྤྲོད་པར་བརྟག་ཚུལ། གྱོན་པ་སར་ལྷུང་བར་བརྟག་ཚུལ། སླ་ངའི་སྐད་ལ་བརྟག་ཚུལ། ཐབ་ཀྱི་མེ་ལྕེ་མཆེད་པ་ལ་བརྟག་ཚུལ། ཁྱི་ཟུག་པར་བརྟག་ཚུལ། སྐྱ་ཀའི་སྐད་ལ་བརྟག་ཚུལ་གྱི་སྟབས་བདེའི་མོ་འདེབས་པ་དང་། མེ་ལོང་པྲ་དང་། མཐེ་བོང་ཕྲ། རྩ་པྲ་སོགས་པྲ་ཕབ་པར་བརྟེན། བྱད་ཟློག་གཡང་འགུགས་ཀྱི་དུས་མཆོད་སྣ་ཚོགས་ནི་དེང་གི་དུས་སྟོན་གྱི་འབྱུང་ཁུངས་སུ་བརྩིས་ཆོག།

( མུ་འགོད།)༼ གཅན་ཚ་བཀྲ་བྷོས་བརྩམས་པའི《དམངས་སྲོལ་རིག་པའི་སྤྱི་དོན》ལས་དྲངས།༽