国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཐབས་སྐོར་ རོབ་ཙམ་གླེང་བ།

སྔོན་འགྲོ།

སྐད་ཆ་འདི་དག་ནི་གཞུང་བཙུགས་སློབ་གྲྭའི་བོད་སྐད་ཡིག་གི་དགེ་རྒན་རྣམས་ལ་ཁ་གཏད་ནས་བྲིས་པ་ཙམ་ཡིན་ལ། བཤད་པས་མ་ཕོངས་ལ་ལག་ལེན་གྱིས་ཕོངས་བའི་དུས་སྐབས་ཤིག་ལ་དོ་སྣང་བྱེད་པ་དཀོན་པར་ངེས་ཀྱང་། གལ་ཅུང་ཙམ་ཆེ་བར་སྣང་བས་དུས་ཚོད་ཀྱི་ཁོམ་གསེང་བཙལ་ནས་བྲིས་པས། འགྲིག་པའམ་བདེན་པ་ཡིན་པའི་ཁ་ཤོམ་མེད་པར་རང་གི་བསམ་ཚུལ་ཙམ་ཡིན། བོད་སྐད་ཡིག་གི་དགེ་རྒན་གྱི་མིང་འཛིན་པ་དག་གིས་རང་ཉིད་ཀྱི་སློབ་ཁྲིད་ལ་ཡང་ནས་ཡང་དུ་བརྟག་ཅིང་དཔྱད་པར་བྱེད་པ་གལ་ཆེ་བར་སྙམ་ལ། སྐད་ཡིག་གི་ཤེས་བྱ་སློབ་མ་དག་གི་སེམས་ལ་ངེས་ཐུབ་པ་ཞིག་ལ་ཅིས་ཀྱང་འབད་པར་བྱའོ་སྙམ་པའི་ཀུན་སློང་དང་བཅས་ཕུལ་བ་དགེའོ།།

དང་པོ། སྐད་ཡིག་དང་བྱ་དངོས་བར་གྱི་འབྲེལ་བ་དང་དགེ་རྒན་གྱི་ལག་ལེན།

བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ནང་ཁུལ་དུ་ཕན་ཚུན་ལ་གོ་བརྡ་སྤྲོད་བྱེད་དུ་ཞབས་ཞུར་མཁོ་བའི་མ་ལག་ཅིག་ཡིན་དགོས་ཤིང་། དེ་ཡང་སྔར་རང་རིགས་ཀྱི་སྐད་ཡིག་གི་འཕེལ་རྒྱས་ལ་ཚིམ་ནས་འུད་བསྟོད་ཀྱིས་སྐད་ཡིག་དེ་ཕུན་སུམ་ཚོགས་པར་བཤད་པ་ནི་ཨ་ཕའི་ཕོར་བ་གཙང་ཞེན་དུ་སོང་བས། སྐད་ཡིག་གི་ཁྱད་ཆོས་ནི་ཐ་སྙད་འདང་ངེས་དང་ནང་དོན་ཞིབ་ཕྲའི་ཐོག་ནས་སྟོན་པ་ལས་གཞན། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་དངོས་པོ་གསར་བར་ཐ་སྙད་ཀྱི་མིང་འདོགས་ལའང་དོ་སྣང་བྱ་དགོས་ཀྱི་ཡོད་ཅིང་། བྱ་དངོས་དང་སྐད་ཡིག་གཉིས་ལ་བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་བ་དམ་ཟབ་ཏུ་ཡོད་ལ། གསར་བྱུང་གི་དངོས་པོ་ལ་སྐད་ཡིག་དེའི་ཐོག་ནས་ཐ་སྙད་གསར་བ་ཞིག་མེད་པའི་དབང་དུ་བཏང་ན། སྐད་ཡིག་དེ་ཡིས་ཞབས་འདེགས་ཀྱི་བྱ་བ་འགྲུབ་མི་ཐུབ་པར་འགྱུར་ཏེ། སྐད་ཡིག་དེའང་ཤིན་ཏུ་ཚབས་ཆེ་བའི་ནད་པ་ཞིག་དང་འདྲ་ཡི་ཡོད་པས་མྱུར་སྐྱོབ་མ་བྱས་ན། སྐད་ཡིག་དེ་ང་ཚོའི་འཚོ་བ་དང་ཁ་ཐག་ཇེ་རིང་དུ་འགྲོ་ཞིང་། འཚོ་བའི་ནང་ནས་རིམ་གྱིས་ཡལ་འགྲོ་བ་དེར་ཚང་མས་སྐད་ཡིག་ཤི་བ་ཞེས་འབོད་ཀྱིན་ཡོད། དེས་ན་བྱ་དངོས་དག་ལ་སྐད་ཡིག་དེའི་ཐོག་གི་མིང་རྙིང་བ་དག་བརྗེད་ནས་བོར་འགྲོ་བཞིན་ཡོད་པའམ། གསར་ཐོན་དངོས་པོར་མིང་མ་བཏགས་པའམ་མིང་བཏགས་པ་ལ་སྦྱང་བ་མེད་ཚེ། སྐད་ཡིག་དེ་ཉམས་དམས་སུ་འགྲོ་བཞིན་པའི་རྟགས་མཚན་ཡིན། དེའི་ཕྱིར་ཐ་སྙད་རྙིང་བ་དག་ལ་དོ་སྣང་བྱ་དགོས་ཤིང་། རིག་གནས་གསར་བའི་བར་སྟོངས་སོ་སོ་ནས་འོང་བའི་ཐ་སྙད་གསར་བ་ལའང་སློབ་སྦྱོང་ངེས་པར་བྱེད་དགོས་ཏེ། བེད་སྤྱོད་ཀྱི་འབྲེལ་ལམ་མ་ཆད་པར་བྱ་བ་ལ་སློབ་སྦྱོང་ནི་ཐབས་ལམ་ཉག་གཅིག་ཡིན། ཐ་སྙད་རྙིང་བ་གཞིར་བཞག་གི་ཐོག་ནས་ཐ་སྙད་གསར་བ་སློབ་ཁྲིད་བྱེད་པ་འདིའི་གལ་ཆེན་རང་བཞིན་ཤེས་ནས་སློབ་ཁྲིད་མཁན་པོའི་ཐུགས་ལ་འཇགས་པ་ཤིན་ཏུ་གལ་ཆེ་བར་སྙམ།

གཉིས་པ། སྐད་དང་ཡི་གེ་བར་གྱི་འབྲེལ་བ་དང་དགེ་རྒན་གྱི་ལག་ལེན།

འགྲོ་བ་མིའི་རིགས་ཀྱི་བརྡ་སྤྲོད་ཀྱི་ནུས་པ་འཕེལ་རྒྱས་སུ་འགྲོ་བའི་ལོ་རྒྱུས་ལས་ཤེས་ཐུབ་པ་ནི། དང་ཐོག་ལག་པའི་བརྡ་ལ་བརྟེན་ནས་གཞན་ལ་གོ་བརྡ་སྤྲད་དགོས་པ་དང་། རིམ་གྱིས་མཐོ་རིམ་སྲོག་ཆགས་ཀྱི་ཁྱད་ཆོས་ཡོངས་སུ་མངོན་པར་བྱེད་པའི་སྐད་ཆ་དང་དེ་ལ་བརྟེན་པའི་ཡི་གེ་བྱུང་། བོད་ཀྱི་སྐད་ཡིག་ཀྱང་དེ་ལས་མ་འདས་པར་རིམ་གྱིས་གཅིག་ལ་གཅིག་བརྟེན་གྱི་སྐད་ཆ་དང་ཡི་གེ་གཉིས་ཀྱི་བར་ལའང་ཁྱད་པར་ཆེ་ཙམ་སོང་ཡོད་དེ། དཔེར་ན་སྐད་ཆའི་ཐོག་གི་ཐ་སྙད་མང་ཤས་སྐད་གསར་བཅད་ཀྱི་སྔོན་དུ་ལུས་པ་དང་། ཕྲད་ཀྱི་སྦྱོར་ཚུལ་སྣ་གཅིག་ཅན་དུ་སོང་བ་ལྟ་བུའི་དོན་ཤིན་ཏུ་མང་ལ། སྐད་ཆ་དང་ཡི་གེ་གཉིས་སོ་སོར་ཆས་པ་ནི་ཤིན་ཏུ་ཉེན་ཁ་ཆེ་བའི་གནས་ཤིག་ཡིན་པས། དེ་བས་སྐད་ཆ་དང་ཡི་གེ་གཉིས་ལ་མཐུན་ལམ་ཞིག་ངེས་པར་འཚོལ་བའི་དགོས་པ་ཆེ་སྙམ།

གསུམ་པ། ཐ་སྙད་གསོག་ཉར་དང་

དགེ་རྒན་གྱི་ལག་ལེན།

སྐད་དང་ཡི་གེ་ཡིས་མི་དང་མིའི་བར་ཕན་ཚུན་ལ་ཡིག་ཐོག་ངག་ཐོག་ནས་གོ་བརྡ་སྤྲོད་པར་བྱེད་པ་གཙོ་བོ་ནི་རྗོད་བྱེད་ཚིག་ལ་བརྟེན་ནས་བརྗོད་བྱའི་དོན་རྟོགས་པར་བྱེད་པའི་གོ་རིམ་ཞིག་ཡིན། དེ་ཡང་ཡི་གེ་ཡི་བརྗོད་བྱ་དང་རྗོད་བྱེད་གཉིས་ལས་རྗོད་བྱེད་ཚིག་གླེང་དགོས་ཏེ། མིང་གི་གསོག་ཉར་དང་ཕྲད་ཀྱི་སྦྱོར་ཚུལ། ད་དུང་བྱ་ཚིག་གི་དུས་གསུམ་གྱི་འགྱུར་བ་རྟོགས་པར་བྱས་ནས་ཚིག་སྦྱོར་སྤེལ་དགོས་ཀྱི་ཡོད་ལ། འདི་དག་ལ་མ་བརྟེན་པའི་བརྗོད་བྱའི་དོན་ཡང་སླེབས་པར་མི་འགྱུར། འདི་ནི་ཁང་བ་ཞིག་རྩིག་པའི་རྨང་གཞི་ལྟ་བུར་གྱུར་ཡོད། དཔེ་རྩིགས་བྲག་རི་ལྟ་བུ་དག་གི་ནང་དོན་ལ་ཤེས་རྟོགས་ཟབ་མོ་ཡོང་བར་བྱེད་པ་ལ་འདི་ནས་མགོ་རྩོམ་དགོས། དེ་ལས་ཀྱང་སྐབས་འདིའི་གླེང་བྱ་གཙོ་བོ་འདི་ཐ་སྙད་བློར་འཛིན་གྱི་སྐོར་ཏེ། དུས་རྒྱུན་སློབ་གྲྭའི་སློབ་མ་ཚོར་ཐུན་མོང་དུ་མཐོང་བའི་སྐྱོན་ཆ་ཆེ་ཤོས་ཤིག་ནི། དཔེར་ན་ཐ་སྙད་ཅིག་བློར་བཟུང་བའི་གོ་རིམ་ཁྲོད། ཅིག་ཤོས་ནི་ནང་དོན་མི་ཤེས་མཁན་དང་ཅིག་ཤོས་ནི་འབྲི་ཚུལ་མི་ཤེས་མཁན། གཞན་དེ་ནི་ཀློག་འདོན་མི་ཤེས་མཁན་སྟེ་གནད་དོན་གསུམ་དུ་སྣང་ལ། དང་པོ། སྣང་ཚུལ་འདི་གསུམ་པོ་སློབ་མ་ཞིག་ལ་ཡོད་ན་དེ་ནི་མ་སྦྱངས་བ་དང་ཁྱད་པར་མེད་པ་ཡིན། གཉིས་པ། གལ་ཏེ་ནང་དོན་ཤེས་པ་ལས་འབྲི་འདོན་མི་ཤེས་ན་གླེན་པས་རོ་མྱོང་བ་ལྟ་བུར་འགྱུར་ལ་རང་གིས་གོ་ཡང་གཞན་ལ་གོ་བརྡ་སྤྲོད་ཐུབ་ཀྱི་མེད་ཅིང་། གསུམ་པ། གལ་ཏེ་འབྲི་ཚུལ་ཤེས་པ་ལས་ནང་དོན་དང་འདོན་མ་ཤེས་ན་འདྲིས་ཆེ་བའི་རྫི་མ་བཞིན་རྒྱུན་པར་བྲིས་ཀྱང་ཡང་སྙིང་ཐ་སྙད་ལ་བེད་གང་ཡང་ཆོད་ཀྱི་མེད། བཞི་པ། འདོན་ཤེས་པ་ལས་ནང་དོན་དང་འབྲི་ཚུལ་མ་ཤེས་ན་ཐ་སྙད་དེ་ཨ་མཆོད་ཀྱིས་ཆོ་ག་བཏོན་པའི་རྗེས་སུ་འགྲོ་སྟེ། གོ་བརྡ་ཅི་ཡང་སྤྲོད་ཐུབ་ཀྱིན་མེད་པས། གལ་ཏེ་རྒྱུན་དུ་མ་བསྐྱར་ན་བརྗེད་པར་འགྱུར་བའང་ཤིན་ཏུ་སླ་བ་ཡིན། དེ་བས་ཐ་སྙད་ཅིག་བློ་ལ་གཞག་པར་ཆ་རྐྱེན་གསུམ་ངེས་པར་ཚང་དགོས་ཏེ། འབྲི་ཚུལ་ཤེས་པ། ཀློག་འདོན་ཤེས་པ། ནང་དོན་ཤེས་པ་འདི་གསུམ་དང་ལྡན་པར་གྱུར་ན་ད་གཟོད་ཐ་སྙད་དེ་ཡང་དག་པར་ཁོང་དུ་ཆུད་པ་ཡིན། འདིའི་ནང་གི་གཅིག་ཆད་པར་གྱུར་ན་ཆོས་དང་གང་ཟག་ཡ་བྲལ་དུ་སོང་བས། དེ་ལ་འབྲས་བུ་སྨིན་པ་ཤིན་ཏུ་དཀའ་བས། སྦྱངས་འབྲས་ཞན་པོ་དང་ལྷག་པར་དུ་སློབ་ཆུང་གི་དུས་རིམ་གྱི་སློབ་མ་ཚོའི་སློབ་ཁྲིད་མཁན་པོས་དོན་འདིར་མཐོང་ཆེན་དང་དོ་ཁུར་ཆེན་པོ་བྱ་རྒྱུ་ཤིན་ཏུ་གལ་ཆེ་སྙམ།

བཞི་པ། སུམ་རྟགས་དང་དགེ་

རྒན་གྱི་ལག་ལེན།

སུམ་ཅུ་པ་དང་རྟགས་འཇུག་གཉིས་ལ་སྦྱངས་བ་ཟབ་མོ་ཞིག་བྱེད་དུ་འཇུག་པ་ནི་གོམ་པ་དང་པོ་ཡིན་ལ། བག་ཆགས་ཤིན་ཏུ་ཟབ་མོ་ཞིག་བཞག་པའི་གོ་སྐབས་དང་བསྟུན་ནས་བསླབ་ཚན་ལ་བརྟེན་ཏེ་བརྡ་སྤྲོད་གསེད་བཀྲོལ་བྱ་བ་ནི་གོམ་པ་གཉིས་པ་ཡིན། ད་ལྟའི་སློབ་གྲྭའི་སློབ་བུ་མང་དག་ཅིག་ལ་བརྡ་སྤྲོད་ནི་སློབ་ཚན་དང་འབྲེལ་བ་མེད་པའི་དོན་དག་གཞན་ཞིག་གི་ཚོར་བ་བསྐྱེད་ཀྱི་ཡོད། དེའང་ཁག་མེད་པར་བསམ་སྟེ་བརྡ་སྤྲོད་དང་སློབ་ཚན་ཟུང་འབྲེལ་གང་ཡང་མ་བྱས་པར་སོ་སོར་བཤད་པ་ཙམ་གྱིས་དེ་གཉིས་ཀྱི་འབྲེལ་བ་རྟོགས་དགོས་པ་ནི་དཔྱོད་ལྡན་སློབ་བུ་འགའི་སྤྱོད་ཡུལ་ཙམ་དུ་གྱུར། དེ་བས་ཐབས་ལམ་འདིས་སློབ་མ་ཚོས་བརྡ་སྤྲོད་དང་ཡི་གེ་གཉིས་ཀྱི་བར་ལ་འབྲེལ་བ་ཅི་ཞིག་ཡིན་པར་གོ་བ་ཟབ་མོ་ཞིག་འཇོག་པས་མི་ཚད། བརྡ་སྤྲོད་དང་ཡི་གེ་གཉིས་གཞི་གཅིག་གི་ཐོག་ཏུ་བསྡུས་ནས་གཅིག་གིས་གཅིག་གི་ནང་དོན་འགྲེལ་བར་བྱེད་པ་དེ་ལ་སློབ་པ་པོར་དགེ་མཚན་ཤིན་ཏུ་ཆེ་སྙམ། འདི་ཡང་དཔེ་བརྗོད་ཅིག་གིས་གསལ་བཤད་བྱ་སྟེ། “མཛེས་པའི་མེ་ཏོག་གིས་སློབ་གྲྭའི་ཁོར་ཡུག་བརྒྱན་ནས་མི་ཡུལ་དུ་མཛེས་སྡུག་ངོམས་སོང་། ”ཞེས་པར་མཚོན་ན། དང་པོར་མིང་ལ་དཔྱད་ན། མཛེས་པ་ནི་ཁྱད་ཆོས་བརྗོད་པའི་མིང་ཡིན་པ་སོགས་ཀྱིས་རྣམ་དབྱེ་དང་པོ་ལ་གོ་བོ་ལེགས་པོ་ཞིག་ཆགས་སོང་བ་ཡིན་ལ། གཉིས་པ་ཕྲད་ལ་དབྱེ་ཞིབ་བྱེད་དགོས། “འི”ཡིས་མེ་ཏོག་གི་ཁྱད་ཆོས་མཛེས་པ་ཡིན་པ་འབྲེལ་བ་དང་། “གིས”ཞེས་པ་ཡིས་བྱ་བ་བྱེད་པ་ཞིག་སྟོན་དགོས། མེ་ཏོག་གིས་བརྒྱན་པའི་བྱ་བ་བྱས་པ་སྟེ་བྱེད་སྒྲ་དང་། “ནས”སྒྲ་འབྱུང་ཁུངས་ཀྱི་རྩ་ཚིག་ཏུ་མི་གསལ་ཡང་རྗེས་རབས་མཁས་པའི་རྩ་འགྲེལ་དུ་བཙལ་ན་འཇུག་ཚུལ་གཞན་ཞེས་པ་རུ་མཚམས་སྦྱོར་ལྷག་བཅས་སུ་འཇུག་གིན་ཡོད་པ་ཤེས་ཐུབ། གསུམ་པར་བྱ་ཚིག་གི་དུས་གསུམ་གྱི་འགྱུར་བ་གང་དུ་གཏོགས་པ་ལ་དབྱེ་ཞིབ་བྱས་ན། “ངོམས”ཞེས་པ་བྱ་ཚིག་རང་ངོས་ནས་དུས་འདས་པ་སྟོན་པ་དང་ཚིག་གྲོགས་“སོང”གིས་ཁ་ཇེ་གསལ་དུ་བཏང་ཡོད། འདི་ལྟར་སློབ་ཚན་གྱི་ནང་དོན་འགྲེལ་བཤད་དང་བསྟུན་ནས་གང་མང་མང་ཞིག་གསལ་འདེབས་བྱས་ན་སླ་བར་འགྱུར་ངེས་པས། སློབ་ཁྲིད་མཁན་པོ་དག་གིས་ཐབས་ཤེས་འདི་དག་ལ་དོ་སྣང་བྱ་རྒྱུ་གལ་ཆེ་བར་སྙམ་མོ། །

ལྔ་བ། བརྗོད་བྱའི་སྒྱུ་རྩལ་དང་

དགེ་རྒན་གྱི་ལག་ལེན།

སྒྱུ་རྩལ་ཞེས་པ་དེ་སྐབས་འདིར་ཡིག་གཟུགས་ཀྱི་སྒྱུ་རྩལ་དང་བརྗོད་བྱ་མཚོན་སྟངས་ཀྱི་ལུས་ངག་གི་སྒྱུ་རྩལ་གཉིས་སུ་བགོས་ནས་བཤད་པར་བྱ། དང་པོ། ཡིག་གཟུགས་ནི་ཤེས་ཡོན་པ་ཞིག་གི་ཞལ་ངོ་གཉིས་པ་སྟེ། ཆུང་ཐད་ནས་གཞན་ལ་བག་ཆགས་བཞག་པའང་གཞན་དང་འདྲ་ཡི་མེད་ལ། ཆེ་བ་རྒྱུགས་ལེན་གྱི་ཁོར་ཡུག་དུ་སྐར་མ་རྒྱག་ཚུལ་ཙམ་ལའང་ཁྱད་པར་ཆེ་འདུག གཉིས་པ། བརྗོད་བྱ་མཚོན་སྟངས་ཀྱི་སྒྱུ་རྩལ་ལ། གཅིག་ནས་རྩོམ་པ་པོ་གང་རུང་གི་བརྩམས་ཆོས་ལ་འཇུག་པའི་ཚེ། ཅི་ཞིག་ཞིབ་འབྲི་བྱེད་བཞིན་ཡོད་པ་དང་དེ་ལྟར་བྲིས་པ་ལ་དགེ་མཚན་གང་དག་ཡོད་པ་སོགས་སྒྱུ་རྩལ་གྱི་མཚོན་སྟངས་ཁྱད་པར་བ་ཟུར་དུ་བཏོན་ནས་སྟོན་པར་བྱེད་དགོས་ལ། འདིའི་ཕྱོགས་སུ་མི་རིགས་གཞན་གྱི་ཁྲིད་སྟངས་ལ་ཁྱད་ཆོས་མངོན་གསལ་དོད་པོ་འདུག་པས་དེ་ལའང་སློབ་སྦྱོང་བྱ་རྒྱུ་ངེས་ཅན་ཡོད་པར་སྣང་ཞིང་། གླུ་བརྒྱ་གདངས་གཅིག་གིས་བླངས་ན་སློབ་བུ་དག་གཉིད་ཁུགས་པ་དང་སུན་སྣང་སྐྱེ་བ་སོགས་བྱུང་བ་ལ་ཁག་མེད་པར་སྣང་། གཉིས་སུ་འཚོ་བ་ནི་རྩོམ་གྱི་འབྱུང་ཁུངས་ཡིན་སྟབས། ཚོར་བ་སྐྱེན་པོས་བྱ་དངོས་དག་ལ་བརྟག་དཔྱད་བྱས་ན་དབང་བོ་སྒོ་ལྔར་བབས་པ་ནི་རྩོམ་གྱི་རྒྱུ་ཆ་ཡིན་ལ། སློབ་ཚན་གྱི་མཚོན་ཐབས་བེད་སྤྱད་ནས་འཚོ་བ་རྩོམ་ཡིག་ཏུ་བསྒྱུར་བ་ཤིན་ཏུ་གལ་ཆེ། ཉིན་རྒྱུན་དཔེ་ཆ་ཤི་བོ་ཞིག་གི་ངོས་ནས་བརྗོད་བྱ་གསོན་པོ་ཞིག་རྙེད་ཐབས་བྱ་རྒྱུ་མིན་པར། སྐབས་རེར་ཕྱི་རོལ་ཏུ་ཁྲིད་ནས་བྱ་དངོས་རང་སྟེང་ནས་བྱུང་བའི་མཐོང་ཐོས་སོགས་ལས་བརྗོད་པ་སྤེལ་བར་བྱའོ།།

དྲུག་པ། སློབ་སྦྱོང་གི་དམིགས་

ཡུལ་དང་དགེ་རྒན་གྱི་དམིགས་ཡུལ།

ད་སྔར་འཚོ་བའི་གནོན་ཤུགས་ཀྱི་སྟོབས་ཀྱིས་རིན་ཐང་གི་ལྟ་ཚུལ་ཕྱོགས་ལྷུང་བ་ཞིག་འོང་གི་ཡོད། རྒྱུ་དང་འབྱོར་བ་ལ་དོན་གཉེར་བྱེད་པའི་འདུ་ཤེས་ལས་གཞན་དམིགས་བྱ་གང་ཡང་མེད་པ་ནི་འཇིགས་ཡེ་རེ་བ་ཞིག་རེད། རིན་ཐང་འདིའི་དབང་དུ་བྱས་ཏེ་དཔལ་འབྱོར་ཁོ་ན་གཉེར་བ་ལའང་ཕྱོགས་ཡོངས་ནས་འཇོན་མཁན་ཞིག་ཡོང་དགོས་ཀྱི་ཡོད་པ་དེའང་དངོས་ཡོད་གནས་ཚུལ་རེད། དེ་བས་ཡི་གེ་སློབ་པ་རྐྱང་བ་ལས་གཞན་པའི་ནུས་རྩལ་སྦྱོང་བ་ཚང་མ་པྲ་ཆལ་ལམ་དགོས་མེད་ཀྱི་བྱ་བ་ཞིག་ཏུ་ངོས་འཛིན་སྟངས་དེ་ལ་ངེས་པར་བཅོས་བསྒྱུར་བྱ་དགོས་འདུག དེ་ལྟར་བྱས་པ་ཡིན་ན། ཕྱོགས་གཞན་ཞིག་ནས་བྱིས་པའི་སྐྱོ་བ་བསང་བའི་དོད་དུའང་འགྲོ་བར་སྣང་ངོ་།།

ཏྲེ་ཧོར་བོད་ཡིག་སློབ་འབྲིང་།

༼ ཀ་ཀ་བསྟན་པ་རྒྱལ་མཚན་གྱིས་བྲིས། ༽

炉霍县藏文中学

呷呷