སྒྲུང་ཐུང་འདིའི་སྤྱི་བཤད།
སྒྲུང་ཐུང《མི་རབས་གསུམ་གྱི་རྨི་ལམ》ནི་མི་རབས་དང་པོ་གུར་མགོན་ལྷ་ཡག་དང་གཉིས་པ་ལྷ་སྐྱབས། གསུམ་པ་དཔལ་མཚོ་བཅས་སྟེ། དང་པོ་གུར་མགོན་ལྷ་ཡག་གིས་མཱ་ཅག་ལ་ངོ་རྒོལ་དང་གདོང་གཏུགས་བྱས་པའི་དཔའ་བོའི་རྣམ་པ་དང་། གཉིས་པ་ལྷ་སྐྱབས་ཀྱིས་རིག་གནས་གསར་བརྗེའི་བྱ་འགུལ་ཁྲོད་གསར་བརྗེའི་དཔའ་བོའི་གཟུགས་སུ་ལངས་ཏེ་མི་དམངས་ལ་དགག་པ་རྒྱག་དང་ཐེར་འདོན་བྱས་པའི་དམར་སྲུང་དམག་གི་རྣམ་པ།གསུམ་པ་དཔལ་མཚོས་རྒྱུ་ནོར་ལ་རྔམས་ཏེ་འཕྱོན་མའི་སྨྱོ་གར་འཁྲབ་པའི་ཧམ་པའི་རྣམ་པ་བཅས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་དང་། གུར་མགོན་ལྷ་ཡག་གི་མ་དང་གཞི་བདག་མགོན་པོ་ལྷ་གུར་གཉིས་བར་གྱི་མངོན་མེད་གཟུགས་མེད་ཀྱི་འབྲེལ་བ་དང་མགོན་པོ་ལྷ་གུར་གྱིས་དུས་ནམ་ཡང་གུར་མགོན་ལྷ་ཡག་ལ་མངོན་ཡོད་མངོན་མེད་གང་རུང་ནས་བྱ་བ་སྒྲུབ་པར་གྲོགས་དན་བྱེད་པ་ལྟ་བུའི་གསང་བ་བློ་འདས་དང་ལྐོག་གྱུར་རིང་ལུགས་ཀྱི་ཆ་སོགས་ཀྱི་སྟེང་ནས་མངོན་པར་མཚོན་ཡོད།
སྒྱུ་རྩལ་རྩོམ་ཐབས་ཀྱི་ཐོལ་བརྒལ།
བརྩམས་སྒྲུང་འདི་ནི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་སམ་གསང་བ་བློ་འདས་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་པའི་བོད་རང་གི་ཆེས་ལེགས་གྲས་ཀྱི་སྒྲུང་ཐུང་ཤིག་རེད་ལ། རྩོམ་ཐབས་འདི་ནི་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་ནང་ལཱ་ཏིང་མེ་གླིང་དུ་དར་བའི་རྩོམ་རིག་གི་གྲུབ་མཐའ་ཆེན་མོ་ཞིག་རེད། དེས་ན་རྩོམ་རིག་གི་གྲུབ་མཐའ་འདི་བྱུང་དགོས་པའི་རྒྱུ་རྐྱེན་དང་རྒྱབ་ལྗོངས་གང་དག་ཡོད་རེད་ཅེ་ན། དེ་ནི་ཐོག་མར་ལཱ་ཏིང་མེ་གླིང་ལ་སི་ཕེན་དང་ཕོར་ཐི་གལ་གྱི་མི་སེར་སྤེལ་མཁན་གྱི་བཙན་འཛུལ་དང་གཉའ་གནོན་གདུག་ཅིང་རྩུབ་པ་སྤེལ་བ་དང་། དུས་རབས་ཉི་ཤུ་བའི་མགོ་ཙམ་ལ་མིང་ཐོག་ནས་ལཱ་ཏིང་མེ་གླིང་ལ་རང་བཙན་ཡིན་པའི་བཟོ་ལྟ་ཡོད་ཀྱང་། བཙན་རྒྱལ་རྒྱལ་ཁབ་དག་གིས་ཆབ་སྲིད་དཔལ་འབྱོར་གང་ཐད་ནས་སྒེར་སྡོམ་དམ་དྲག་སྤེལ་བ་དང་བསྟུན། སྐབས་དེའི་མེ་གླིང་ལ་མི་རིགས་རང་བཙན་ལས་འགུལ་རྒྱ་ཆེ་བར་སྤེལ་བ་རེད། དེས་ཡོ་གླིང་ལ་སོགས་ལ་ཡུལ་གྱར་དུ་སོང་ཡོད་པའི་ལཱ་ཏིང་མེ་གླིང་གི་རྩོམ་པ་པོ་རྣམ་ལ་ལཱ་ཏིང་མེ་གླིང་གི་སྤྱི་ཚོགས་འཚོ་བའི་མུན་ནག་དང་གདུག་རྩུབ་མཚོན་ཕྱིར་སྨྱུ་གུ་འགུལ་དུ་བཅུག་པར་སྐུལ་འདེད་བྱས་པ་རེད། དེ་ཚོས་སྒྱུ་འཕྲུལ་གྱི་རྣམ་པའི་ཐོག་ནས་ལཱ་ཏིང་མེ་གླིང་གི་སྤྱི་ཚོགས་ཀྱི་ངོས་ཟ་ཟུར་མང་པོ་མཚོན་ཐབས་བྱས་པས། དེ་ལ་ལོ་རྒྱུས་ཁྲོད་ཀྱི"རྩོམ་རིག་འབར་གས"ཞེས་མིང་ཀྱང་བཏགས་ཡོད་པ་རེད། དེ་བཞིན་དེས་ནི་ངོ་མཚར་ལ་ཁྱད་དུ་འཕགས་པ། དངོས་ཡོད་ལས་འདས་པའི་སྣང་ཚུལ་དང་མི་སྣ། བྱུང་རིམ་སོགས་དངོས་ཡོད་ཀྱི་ཁྲོད་ལྷུག་བརྗོད་དང་ཞིབ་འབྲི་བྱས་ཏེ། དངོས་ཡོད་ཀྱི་ཆབ་སྲིད་སྤྱི་ཚོགས"དེང་རབས་ལྷ་སྒྲུང"ཏུ་བསྒྱུར་བ་དང་ནི། ཁྱད་མཚར་འཕྲུལ་རྟོག་གི་ཡིད་བརྙན(意境)ཡོད་པར་མ་ཟད། དངོས་ཡོད་རིང་ལུགས་ཀྱི་དོ་རའང་ཡོད་པར་བྱེད། དེ་ནི་འཕྲུལ་རྟོག་དང་དངོས་ཡོད་འདྲེས་མའི་རྣམ་པའི་སྟེང་དུ་གནས་ཡོད་པ་རེད།
དེའི་སྒྱུ་རྩལ་ལའང་མངོན་དོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཏེ། གསར་འགྱུར་ཐད་སྒྲོག་ལྟ་བུའི་དངོས་འབྲི་དང་ངོ་མཚར་འཕྲུལ་རྟོག་ཟུང་དུ་འབྲེལ་ནས། མག་མོག་གི་འབྲི་ཐབས་དང་ལྷ་སྒྲུང་གི་དཔེ་དབྱིབས་སྟེང་ནས་སྤྱི་ཚོགས་དང་ལོ་རྒྱུས་རིག་གནས་དང་དངོས་ཡོད་འཚོ་བ་མཚོན་པར་བྱེད། འདི་ནི་དངོས་ཡོད་སྒྱུ་འཕྲུལ་ལམ་གསང་བ་བློ་འདས་རིང་ལུགས་ཀྱི་སྒྱུ་རྩལ་རྣམ་པ་ཡིན།
དེས་ན་བོད་ལའང་རྩོམ་ཐབས་འདི་དར་བའི་ཆ་རྐྱེན་འཛོམས་ཏེ། ཁྱད་དུ་འཕགས་པའི་ལོ་རྒྱུས་དང་ཚར་དུ་དངར་བའི་རི་ར་བ་ཁང་ཁྱིམ། ལྐོག་ཏུ་གྱུར་བའི་ཆོས་ལུགས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་བོད་རང་ལ་རང་གི་མཛེས་དཔྱོད་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ། འཇིག་རྟེན་ལྟ་ཚུལ་དང་བཅས་པའི་འཚོ་གནས་ཁོར་ཡུག་ཅིག་སྐྲུན་ཡོད་པས། དེ་ནི་ལཱ་ཏིང་མེ་གླིང་གི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་སམ་གསང་བ་བློ་འདས་རིང་ལུགས་དར་བའི་རྒྱབ་ལྗོངས་དང་ཅུང་ཆ་འདྲ། བརྩམས་སྒྲུང《མི་རབས་གསུམ་གྱི་རྨི་ལམ》ལ་རྩོམ་ཐབས་ཀྱི་ཆ་ནས་གསང་བའམ་བློ་འདས། ཡང་ན་སྒྱུ་འཕྲུལ་ཀྱི་ངོས་གང་དག་ཡོད་ཅེ་ན། དཔེར་ན"མོས་ལག་པ་བསྲིངས་པ་ན་ལག་པ་ཟངས་བར་ཐོགས་པ་དང་ཕྱིང་བའི་གོང་བ་ནས་བཟུང་སྟེ་ཁོའི་ལུས་སྟེང་དུ་བཀབ"ཅེས་པ་ནས་"མོས་ནངས་ཇ་བསྐོལ་ཚར་འཕྲལ་ཇ་ཕུད་ཐོམ་བུ་ཕྱེད་ཙམ་ཁྱེར་ནས་སྒོ་ཁར་བུད་ཅིང་མགོན་པོ་ལྷ་གུར་པ་མཆོད་དུས་མོ་ཧ་ལས་སོང་། གཞི་བདག་ཆེན་པོ་མགོན་པོ་ལྷ་གུར་གྱི་མདུན་སྟོད་དུ་མིའི་ལག་རྗེས་ནག་པོ་ཞིག་ཕབ་འདུག"ཅེས་པའི་བར་འདིས་མགོན་པོ་ལྷ་གུར་ཞེས་པའི་གསང་བ་ལྐོག་ཏུ་གྱུར་བ། ངོ་མཚར་བ་ལྟ་བུའི་བོད་མིའི་བློ་ངོགས་ཀྱི་གཞི་བདག་ཆེན་མོ་དེ་མཚན་མོ་མོའི་དྲུང་དུ་འོངས་ཏེ་མོ་དང་གསང་འབྲེལ་བྱས་པ་དང་།མོས་རང་ཉིད་ཀྱི་ཁྱོ་བོ་ཡིན་པར་འདོད་པའི་འཁྲུལ་ཤེས་ཤིག་གིས། རྒྱབ་ལ་ཕྱིང་བ་དེ་གྱོན་སྐབས། ལག་པ་ཟངས་བར་ཐོགས་ཏེ་དྲི་མག་བཟོས་རྗེས་ཕྱིང་བར་རེག་པས། ཕྱི་ཉིན་གཞི་བདག་གི་མདུན་སྟོད་ལའང་ལག་རྗེས་དོད་པ་ལྟ་བུ་དང་། གཞི་བདག་དང་མིའི་བར་དུ་བྱུང་བའི་འབྲེལ་བ་འདི་ནི། སྤྱིར་བོད་རང་ལ་མཚོན་ན་དམངས་སྤྱིའི་བསམ་པའི་འཁྱེར་སོ་ལས་འདས་པ་མིན་པར་འཚོ་བའི་གནས་ལུགས་དང་ཤིན་ཏུ་མཐུན་པ་ཞིག་ཡིན་ལ། ཆོས་ལུགས་རིག་གནས་ཀྱིས་སམ་གང་ལྟར་འདི་ལྟ་བུའི་གསང་བ་བློ་འདས་ཀྱི་རིག་གནས་ཧ་ཅང་མང་། གཞན་ཡང་། རིག་གནས་གསར་བརྗེའི་སྐབས་སུ་རད་པོ་གཡུང་དྲུང་ལ་ལྷ་སྐྱབས་ཀྱིས་གཅར་རྡུང་དང་སྡིག་དམོད་རབ་དང་རིམ་པ་མྱོང་རྗེས། འཆི་ཁ་མར་འདི་འདྲའི་ཁ་ཆེམས་ཡི་གེ་ཞིག་ཇ་ཤོག་རལ་བོ་ཞིག་གི་སྟེང་དུ་བྲིས་ཡོད། "རྒྱུ་འབྲས་མེད་པ་ཁྱོད་ལྟ་བུ་གུར་མགོན་ལྷ་ཡག་གི་བུ་ཡིན་པ་ཤིན་ཏུ་སྐྱོ། ཁྱོད་ཀྱི་མི་རྒྱུད་དེ་ཆུ་ཡར་བཞུར་ཞིག་ཏུ་ལྷུང་སྟེ་མ་ཆད་ན་ང་ལ་ནུས་མཐུ་མེད་པའི་རྟགས་ཡིན"ཞེས་པ་དེ་དོན་ལ་གནས་སོང་སྟེ། དངོས་གནས་ལྷ་སྐྱབས་ཀྱི་བུ་མོ་དཔལ་མཚོ་ཆུ་ཡར་བཞུར་ཞིག་ཏུ་ལྡིང་སྟེ་རང་ཤི་བརྒྱབ་པ་དེས་གུར་མགོན་ལྷ་ཡག་གི་མི་རྒྱུད་ཆད་སོང་བ་རེད། འདིའང་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་ཆོ་ག་རིགས་ཤིག་ཡིན་པས། མིའི་བློ་ངོར་ཤོང་ཐབས་མེད་ལ། གསང་བ་བློ་འདས་རང་ཡིན་པས་འདི་དག་གི་སྟེང་ནས་རྩོམ་པ་པོས་སྒྱུ་འཕྲུལ་གྱི་ཆ་འབུར་དུ་བཏོན་ཏེ་དངོས་ཡོད་མཚོན་པར་བྱས་ཡོད།
དེ་བཞིན"སྒྱུ་འཕྲུལ"ནི་མཚོན་བྱེད་དང"དངོས་ཡོད"ནི་མཚོན་བྱ་ཡིན་པ་བཞིན། སྒྱུ་འཕྲུལ་གྱི་ཐབས་འདི་དག་ལ་བརྟེན་ནས་བོད་རང་གི་མི་རབས་གོང་མ་རྣམ་གྱི་དཔའ་ངར་དང་བླ་མེད་ཀྱི་རྣམ་ཤེས་ཀྱི་ཕྱི་ནང་ནས་མི་རབས་ཕྱི་མ་རྣམ་གྱི་རུལ་མྱགས་ཀྱི་རྣམ་ཤེས་ལ་བླ་འབོད་བྱས་ཡོད། དེ་ནི་མི་རབས་ཤིག་གི་ཉམས་རྒུད་ཀྱི་ཕྱི་ནང་བྲིས་ནས་ང་ཚོའི་སྤྱི་ཚོགས་ཀྱི་ཟ་ཟུར་མང་པོ་ཞིག་མཚོན་པར་མ་ཟད། མི་རབས་སོ་མ་ཞིག་གི་བླ་སྲོག་ཀྱང་འདི་ལྟར་ཕངས་སེམས་དང་ན་ཟུག་ཅི་ཡང་མེད་པར་ཡལ་མི་འགྲོ་བའི་འབོད་སྐུལ་བགྱིས་པ་རེད། འདི་ནི་རྩོམ་པ་པོ་གྲགས་ཅན་ཨན་ཐུའུ་སན•ཨིན་བྷེ་ཐྲི་ཡིས"དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཁྲོད། རྩོམ་པ་པོའི་གཞི་རྩའི་དམིགས་ཡུལ་ནི་སྒྱུ་འཕྲུལ་ཁ་ལ་ཁྱེར་ནས་དངོས་ཡོད་མཚོན་རྒྱུ་དེ་ཡིན་པ་ལས། སྒྱུ་འཕྲུལ་དངོས་ཡོད་ལ་བསྒྱུར་རྒྱུ་དེ་མ་ཡིན"ཞེས་པ་དང་འཕལ་ཁ་འཕྲོད་འགྲོ། དེ་བས། འདི་ནི་བོད་ལ་བརྩམས་སྒྲུང་གསར་བ་དར་ནས་ད་ལ་ཐུག་གི་བར་གྱི་བརྩམས་སྒྲུང་དག་གི་ཁྲོད་ཀྱི་གསང་བ་བློ་འདས་ཐད་ལ་ཐོལ་བརྒལ་ཆེན་པོ་བྱས་ཡོད་པའི་རྩོམ་ཆོས་ཤིག་རེད་སྙམ། །
དར་མདོ་གྲོང་ཁྱེར་བོད་ཡིག་སློབ་འབྲིང་།
༼ རིན་ཆེན་སྐྱབས་ཀྱིས་བྲིས། ༽
康定市藏文中学
仁青甲